༉ ཨེ་ཤི་ཡ་-པེ་སི་ཕིག་ལུང་ཕྱོགས་ནང་ སྨྱོ་རྫས་ལག་ལེན་འཐབ་མིའི་ ཚ་གྱང་ཡར་འཕར་སོང་མི་གི་ གནད་དོན་སེལ་ཐབས་ལུ་ རྒྱལ་ཡོངས་ཀོ་ལོམ་བོ་འཆར་གཞི་དྲུང་ཆེན་ཡིག་ཚང་གིས་ ཐིམ་ཕུག་ལུ་སྦེ་ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་མི་ ཞལ་འཛོམས་དེ་ འཚོགས་པའི་བསྒང་ཡོདཔ་ཨིན་པས།
ཁ་ཙ་ལས་ འགོ་བཙུགས་མི་ཞལ་འཛོམས་དེ་ སྨྱོ་རྫས་དང་མཁོ་འདོད་བཀོད་མི་དང་འབྲེལ་བའི་ གནད་དོན་མར་ཕབ་དང་ གཅིག་མཐུན་ཐོག་ལས་ སེལ་ཐབས་ཀྱི་ ཐབས་བྱུས་བཏོན་ནི་ དེ་ལས་ མདུན་སྐྱེད་མཉམ་འབྲེལ་ཐབས་བྱུས་ཚུ་ ངོས་འཛིན་འབད་ནི་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཨིན་པས།
ཀོ་ལོམ་བོ་སྨྱོ་རྫས་གྲོས་སྟོན་ལས་རིམ་འཆར་གཞི་དེ་ སྤྱིལོ་༡༩༨༣ ལུ་ ནིའུ་ཟ་ལེན་ ཝི་ལིང་ཊཱོན་ལུ་སྦེ་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ དེ་ཡང་ འཛམ་གླིང་ནང་ སྨྱོ་རྫས་མཁོ་འདོད་དང་ བཀྲམ་སྤེལ་མར་ཕབ་ལུ་ གཙོ་རིམ་ཅན་གྱི་ ལས་རིམ་ཅིག་སྦེ་ ལག་ལེན་འཐབ་ཨིན་པས།
ད་རེས་ ཡུན་རིང་གི་ ལས་རིམ་ཅིག་སྦེ་ ལག་ལེན་འཐབ་བཞིན་ཡོདཔ་ལས་ འཐུས་མི་རྒྱལ་ཁབ་༢༨ ཀྱི་དོན་ལུ་ ལོ་བསྟར་ཞལ་འཛོམས་འཚོག་ནི་ལུ་ ལྷན་ཐབས་འབད་དོ་ཡོདཔ་བཞིན་དུ་ དུས་ཅི་ པདྨ་དྲུང་ཆེན་ཡིག་ཚང་དང་ བློན་ཆེན་ཡིག་ཚང་གིས་ འགོ་འདྲེན་འཐབ་མི་ ཞལ་འཛོམས་ཀྱིས་ འཐུས་མི་རྒྱལ་ཁབ་༡༧ གཅིག་ཁར་ བཅའ་མར་གཏོགས་ཚུགས་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ རང་སོའི་རྒྱལ་ཁབ་དང་ ལུང་ཕྱོགས་ནང་ སྨྱོ་རྫས་དང་འབྲེལ་བའི་ གདོང་ལེན་གྱི་ གནད་དོན་གུ་ གྲོས་བསྟུན་འབད་ནི་ཨིན་པའི་ཁར་ མཉམ་འབྲེལ་འབད་ནི་གི་ འོས་འབབ་ཚུ་བལྟ་ནི་ དེ་ལས་ གནད་དོན་སེལ་ཐབས་ལུ་ ཐབས་ལམ་ཚུ་ཡང་ བལྟ་ནི་ཨིན་པས།
ཀོ་བོམ་བོ་འཆར་གཞི་གི་ ཡོངས་ཁྱབ་དྲུང་ཆེན་ བེན་ཇ་མིན་ པི་ རའསི་གིས་ སླབ་མིའི་ནང་ ཞལ་འཛོམས་ནང་ སྤྱིར་བཏང་ དགོས་མཁོ་དང་ སྨྱོ་རྫས་དང་འབྲེལ་བའི་ དཀའ་ངལ་བསལ་ནི་ལུ་ གཅིག་སྒྲིལ་འབད་ནི་ཚུ་ དྲན་ཞིབ་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ང་བཅས་རའི་དམིགས་གཡུལ་དེ་ གསལ་ཏོག་ཏོ་ཡོད་རུང་ འགྲུལ་སྐྱོད་རྒྱ་ཆེཝ་སྦེ་ཡོདཔ་ད་ སྨྱོ་རྫས་མཁོ་འདོད་བཀོད་མི་དང་ བཀྲམ་སྤེལ་མར་ཕབ་འབད་ནི་ལུ་ རྒྱལ་ཁབ་ཚུ་གི་བར་ན་ བརྩོན་ཤུགས་དང་ མཉམ་འབྲེལ་ལེགས་ཤོམ་དགོ་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ འདས་པའི་ལོ་༥༠ གི་ གྲུབ་འབྲས་ཚུ་གི་སྐོར་ལས་ཡང་ བཤད་ཡོདཔ་བཞིན་དུ་ ལས་འགུལ་ཁག་ལེ་ཤ་དང་ མཉམ་འབྲེལ་ཡར་དྲག་གཏང་མི་གིས་ མི་སྡེ་ནང་ ལྷན་ཐབས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
སྨྱོ་རྫས་ལག་ལེན་འཐབ་མི་ དཀའ་ངལ་དེ་ རྒྱལ་ཁབ་ག་རའི་ནང་ ཐོན་ཏེ་ཡོད་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ གུང་བློན་འོགམ་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ སྨྱོ་རྫས་ཀྱི་མཁོ་འདོད་བཀོད་མི་དང་ བཀྲམ་སྤེལ་འབད་མིའི་བར་ན་ ཁྱད་པར་ངོས་འཛིན་དེ་ མར་ཕབ་ཀྱི་ ཐབས་བྱུས་བཏོན་ནི་ལུ་ ཞལ་འཛོམས་དེ་ གལ་ཅན་ཅིག་ཨིནམ་བཞིན་དུ་ སྨྱོ་རྫས་ཀྱི་གདོང་ལེན་ལུ་ མཉམ་འབྲེལ་གོང་འཕེལ་གཏང་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ལུ་ སྨྱོ་རྫས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ སྤྱི་ལོ་༢༠༢༢ ཟླ་༡༢ པའི་ནང་ མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ རྒྱལ་ཡོངས་སྨྱོ་རྫས་ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་དང་འཁྲིལ་ཏེ་ ལས་བྱེད་ཚོགས་ཆུང་གིས་ བཀག་ཐབས་དང་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་མར་ཕབ་འབད་དེ་ གནས་སྟངས་ཉེན་སྲུང་དང་ལྡནམ་བཟོ་ནི་དང་ དངོས་ཁམས་དང་སེམས་ཁམས་རིག་པའི་འཕྲོད་བསྟེན་ཡར་དྲག་དང་ དེ་ལས་ དོན་སྨིན་ཅན་གྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ལས་བྱེད་ཚོགས་ཆུང་གི་ ཐབས་བྱུས་ནང་ ཧ་ལས་བར་འཛུལ་དང་ མ་འོངས་ཀྱི་ ཐབས་ལམ་ཐོག་ལས་ སྨྱོ་རྫས་ལག་ལེན་དཀའ་ངལ་སེལ་ཐབས་ལུ་ སྒྲུབ་བྱེད་གཞི་བཞག་གི་ ཐབས་ལམ་ཚུ་ ཚུད་དེ་ཡོད་ཟེར་ཨིན་པས།
ང་བཅས་རའི་ རྒྱལ་ཁབ་ནང་ མི་རློབས་ཆུང་ཀུ་ཅིག་ལས་བརྒལ་མེདཔ་ལས་ ཨ་ལོ་ག་ར་ གལ་ཅན་ཅིག་ཨིནམ་ལས་ ཨ་ལོ་ཕུག་རྡོག་གཅིག་ར་ སྨྱོ་རྫས་ལུ་ གྲལ་གཏོགས་འབད་ནི་ མི་འོང་ནི་ཨིན་པའི་ཁར་ གཞུང་གིས་འབད་རུང་ མ་འོངས་མེདཔ་གཏང་ནི་ལུ་ སྨྱོ་རྫས་ལག་ལེན་འཐབ་བཅུག་ནི་ མི་འོང་ཟེར་ཨིན་པས།
འཛམ་གླིང་སྨྱོ་རྫས་སྙན་ཞུ་༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ འཛམ་གླིང་ནང་ སྨྱོ་རྫས་ལག་ལེན་འཐབ་མི་དེ་ མི་རློབས་ས་ཡ་༢༩༢ ལུ་ ཡར་སེང་སོང་སྟེ་ཡོདཔ་བཞིན་དུ་ མང་ཤོས་ཅིག་གིས་ སྨྱོ་རྫས་ཀེ་ན་བིས་ ལག་ལེན་འཐབ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement