༉ གནས་སྐབས་ཅིག་གི་རིང་ ཚོང་འབྲེལ་དང་ རང་སྡོད་གནས་ཀྱི་དོན་ལུ་ ཁྱིམ་རྐྱབ་ནི་གི་སྐྱིན་འགྲུལ་ བཀག་ཆ་འབད་བཞག་མི་དེ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ ལས་ མཇུག་བསྡུ་ནི་ཨིན་པས།
ད་རེས་འབདཝ་ད་ སྐྱིན་འགྲུལ་བཀག་ཆ་འབད་དེ་ ལོ་༡ ལང་ཡོདཔ་ཨིན་པས།
ཨིན་རུང་ ཟ་ཁང་རྐྱབ་ནི་གི་སྐྱིན་འགྲུལ་དེ་ འཕྲོ་མཐུད་དེ་ར་ བཀག་ཆ་འབད་ནི་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༦ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ ཁྱིམ་གྱི་སྐྱིན་འགྲུལ་ ཡངས་ཆག་གཏང་ནི་གི་ གསལ་བསྒྲགས་འབད་དེ་འདུག།
དེ་བཟུམ་སྦེ་ དབང་འཛིན་གྱིས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ མ་རྩ་འཐོབ་ནི་གི་ དགོས་མཁོའི་ཉེན་ཁ་དོན་ལུ་ ཁྲིམས་མཐུན་བཅའ་ཡིག་བསྐྱར་ཞིབ་༢༠༢༤ ཅན་མ་དེ་ བལྟ་དགོཔ་སྦེ་ བཀའ་རྒྱ་གནང་ནུག།
དབང་འཛིན་གྱིས་ བཀའ་རྒྱ་གནང་མི་དེ་ ལེགས་ཤོམ་སྦེ་ དང་ལེན་དང་ ལག་ལེན་འཐབ་ནིའི་དོན་ལུ་ དམ་དམ་སྦེ་ར་ ལྟ་རྟོག་འབད་ནི་ཨིནམ་མ་ཚད་ རྩིས་ཞིབ་ཡང་ ངེས་བརྟན་འབད་འོང་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༨ ལུ་ བཀོད་ཚོགས་ཞལ་འཛོམས་འཚོགས་པའི་སྐབས་ དབང་འཛིན་གྱིས་ ཁྲིམས་མཐུན་བཅའ་ཡིག་༢༠༡༧ ཅན་མ་དེ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
དབང་འཛིན་གྱིས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ སྤྱི་ཟླ་༧ པའི་ཚེས་༡ ལས་ ཁྲིམས་མཐུན་བཅའ་ཡིག་ནང་ བཀོད་མི་གི་དོན་ཚན་གསརཔ་ཚུ་ ལེགས་ཤོམ་སྦེ་ དང་ལེན་འབད་དགོཔ་ད་ དྭངས་གསལ་དང་ ཧེ་མའི་ བཀའ་རྒྱ་དང་མཉམ་སྡེབ་འབད་ནིའི་དོན་ལུ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
བསྒྱུར་བཅོས་འབད་མི་ གནད་དོན་གཙོ་བོ་གཅིགཔོ་་དེ་ དངུལ་འབྲལ་གཙུག་སྡེའི་ སྐྱིན་འགྲུལ་ཡོངས་བསྡོམས་ལས་ སྐྱིན་ཚབ་མ་བཏབ་མི་ བརྒྱ་ཆ་༣༠ ལས་བརྒལ་བ་ཅིན་ ཉེན་ཁ་བརྒྱ་ཆ་༡༥༠ ལག་ལེན་འཐབ་དགོཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་འཚོགས་པའི་སྐབས་ དངུལ་རྩིས་དྲུང་ཆེན་ ལས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ ཁྱིམ་གྱི་སྐྱིན་འགྲུལ་ཡངས་ཆག་དེ་ཡང་ དངུལ་རྩིས་ལྷན་ཁག་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་བའི་ཤུལ་ལས་ ཐག་བཅད་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དངུལ་ཁང་གི་ དངུལ་ཡོངས་བསྡོམས་ལས་ ཁྱིམ་གྱི་སྐྱིན་འགྲུལ་ཡོངས་བསྡོམས་དེ་ དངུལ་འབྲེལ་གཙུག་སྡེ་ མང་ཤོས་ཅིག་ནང་ བརྒྱ་ཆ་༣༡ འདུག་ཟེར་ཨིན་པས།
ཨིན་རུང་ ལས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ གཙུག་སྡེ་ཚུ་གིས་ དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ མ་རྩ་གསོག་འཇོག་རྒྱུན་སྐྱོན་འཐབ་ཚུགས་པ་ཅིན་ སྐྱིན་འགྲུལ་བྱིན་ནི་ འགོ་བཙུགས་དགོ་ཟེར་ཨིན་པས།
དངུལ་ཁང་ཚུ་གིས།
དངུལ་ཁང་ནང་ ལཱ་འབད་མི་ཚུ་གིས་ བཤད་མིའི་ནང་ ཁྱིམ་བཟོ་ལས་སྡེའི་ནང་ དངུལ་ཁང་གི་ དངུལ་ཡོངས་བསྡོམས་ལས་ ཁྱིམ་གྱི་སྐྱིན་འགྲུལ་ཡོངས་བསྡོམས་དེ་ དུམ་གྲ་ཅིག་ བརྒྱ་ཆ་༣༠ ལས་ལྷག་སྟེ་ཡོདཔ་ད་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་དང་ འབྲུག་ཉེན་བཅོལ་ཚད་༢ ཀྱི་ བརྒྱ་ཆ་༢༠ འི་ འོག་རྒྱུ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟ་ཁང་སྐྱིན་འགྲུལ་མ་བརྩིས་པར་ སྐྱིན་འགྲུལ་དེ་ སྡོད་ཁྱིམ་དང་ ཚོང་འབྲེལ་གྱི་ ཁྱིམ་རྐྱབ་ནི་ལུ་ སྐྱིན་འགྲུལ་ཡངས་ཆག་ བཏང་ཡི་ཟེར་ཨིན་པས།
འགོ་དཔོན་གྱིས་ དོགས་སེལ་འབད་མིའི་ནང་ སྡོད་གནས་སྐྱིན་འགྲུལ་དེ་ ཉེན་ཁ་བརྒྱ་ཆ་༡༥༠ བལྟ་དགོཔ་བཞིན་དུ་ སྡོད་ཁྱིམ་བཟོ་སྐྲུན་སྐྱིན་འགྲུལ་དེ་ འཐོབ་ཚུགས་ཟེར་ཨིན་པས།
ཚོང་འབྲེལ་སྡོད་ཁྱིམ་གྱི་ སྐྱིན་འགྲུལ་ཐད་ཁར་ དངུལ་ཁང་ནང་ ལཱ་འབད་མི་གིས་ སླབ་མིའི་ནང་ ད་ལྟོའི་ ཚོང་མགྲོན་པ་ཚུ་གི་དོན་ལུ་ ཁ་སྐོང་སྐྱིན་འགྲུལ་བྱིན་ནི་ལུ་ གཙོ་རིམ་གཟུང་ནི་ཨིནམ་ད་ སྐྱིན་འགྲུལ་གསརཔ་ཚུ་གི་དོན་ལུ་ དབྱེ་ཞིབ་དམ་དམ་འབད་འོང་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༢ པའི་ནང་འཁོད་ལུ་ སྡོད་ཁྱིམ་ལས་སྡེའི་ནང་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༦༤.༥༡ ཡོད་མི་དེ་ མཐོ་ཤོས་ཅིག་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཁྱིམ་དང་ ཟ་ཁང་བཟོ་སྐྲུན་གྱི་ སྐྱིན་འགྲུལ་བྱིན་ནི་ལུ་ ན་ཧིང་ སྤྱི་ཟླ་༦ པའི་ཚེས་༨ ལས་ བཀག་ཆ་འབད་ཡོདཔ་ད་ དེ་ཡང་ ཕྱི་དངུལ་ཟུར་གསོག་དང་ སྐྱིན་འགྲུལ་གྱི་དཀའ་ངལ་ དེ་ལས་ ལས་སྡེ་དེ་ཚུ་ནང་ སྐྱིན་ཚབ་མ་བཏབ་མི་ གྱངས་ཁ་ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
སྣུམ་འཁོར་ནང་འདྲེན་བཀག་ཆག།
ལས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ སྣུམ་འཁོར་ནང་འདྲེན་དེ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༡༨ ལས་ ཡངས་ཆག་གཏང་ནི་ཨིནམ་བཞིན་དུ་ ད་རེས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་རྩིས་ལྷན་ཁག་ དེ་ལས་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ གྲོས་ཐག་མ་གཅད་པའི་ཧེ་མར་ འཁོར་ལམ་གྱི་ལྕོགས་གྲུབ་དང་ སྣུམ་འཁོར་ཐོགས་ལུས་ དེ་ལས་ མི་མང་སྐྱེལ་འདྲེན་གྱི་གནས་སྟངས་ཚུ་ ལྟ་དོ་ཟེར་ཨིན་པས།
གཞུང་གིས་ སྣུམ་འཁོར་ནང་འདྲེན་བཀག་ཆ་དེ་ཡང་ སྤྱི་ལོ་༢༠༢༢ ཟླ་༨ པའི་ནང་འབད་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༢ པའི་ནང་འཁོད་ལུ་ སྐྱེལ་འདྲེན་སྐྱིན་འགྲུལ་ དངུལ་ཀྲམ་ཐེར་འབུམ་༧.༦༨ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement