༉ འབྲུག་གི་ཆུམ་ ནང་འདྲེན་འབད་མི་ཚུ་ལུ་ དབང་འཛིན་གྱིས་ མགུ་འབྱིད་རྐྱབ་ཡོད་པའི་སྐོར་ལས་ ཉེས་ཆད་ བཀལ་ཡོདཔ་ད་ ནང་འདྲེན་པ་ཚུ་གིས་ ཆུམ་གྱི་རིགས་མ་འདྲཝ་ཡོད་མི་ཚུ་ ཁེ་སང་བཟོ་དོན་ལུ་ གཅིག་བསྡུར་ཐོག་ སྒམ་རྐྱབ་ཡོདཔ་ད་ ཉོ་སྤྱོདཔ་ཅིག་གིས་ འདི་བཟུམ་གྱི་ བྱ་ལས་ངན་པ་འཐབ་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ནུག།

དབང་འཛིན་གྱིས་ ངོས་ལེན་འབད་མི་དེ་ཡང་ གཙོ་བོ་ར་ འདི་བཟུམ་གྱི་ བྱ་ལས་སྒྲིག་མི་ཚུ་ དྲནམ་བཏགས་བཅུག་ཐབས་ལུ་ཨིནམ་ད་ ཁེ་སང་སྦོམ་བཟོ་དོན་ལུ་ མགུ་འབྱིད་ཀྱི་ལཱ་འབད་མི་ཚུ་ ཧེ་མ་ལས་ཡོད་པའི་ ཚོང་སྒྱུར་རྙིངམ་ཅིག་ཨིནམ་ལས་ དེ་སྦེ་འབདཝ་ད་ ལ་ལོ་ཅིག་ལུ་ཁེ་སང་དང་ ལ་ལོ་ཅིག་ལུ་ རྒུད་ཕོག་མི་དེ་ རང་བཞིན་བཟུམ་ཅིག་ཨིན་མི་ཚུ་ ཁ་སྒྱུར་འབད་དགོ་པའི་ གནད་དོན་ཅིག་ཨིན་མས།

ཉོ་སྤྱོདཔ་ཚུ་གི་དོན་ལུ་ ཉེན་སྲུང་འབད་དགོཔ་གལ་ཆེཝ་སྦེ་ ཡོད་མི་དེ་ཡང་ དམིགས་བསལ་ཅན་གྱི་ ང་བཅས་ཉོ་སྤྱོདཔ་ཚུ་ ནང་འདྲེན་ལུ་ བརྟེན་སྡོད་མི་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ང་བཅས་ཀྱི་ བཞེས་སྒོའི་རིགས་ ག་ཅི་ར་འབད་རུང་ ནང་འདྲེན་ལུ་མ་བརྟེན་མི་ ཅིག་ཡང་མེདཔ་ལས་ སྒམ་རྐྱབ་མིའི་ཧོད་ནང་ ག་ཅི་ཡོདཔ་བལྟ་ནི་མེད་པར་ གོང་ཚད་དང་ སྤུས་ཚད་ལུ་ དྲིས་བཀོད་ཟེརཝ་ རྩ་ལས་འབད་ནི་མེད་པར་ ག་ཡོད་མི་དེ་ར་ ཉོ་སྟེ་ལག་ལེན་འཐབ་སྡོད་ནི་ལུ་ ན་འཐན་ར་ ཤུམ་ཚུད་ཡོདཔ་ཨིནམ་ བྱ་ངན་སྒྲིག་མི་ཚུ་གིས་ ཧ་གོ་ནུག།

མ་གཞི་ གནད་དོན་མང་ཤོས་ཅིག་ར་ ཧ་ལམ་ཅིག་སྦེ་ བཞག་དོ་ཡོད་མི་ཚུ་ཡང་ ཉོ་སྤྱོདཔ་ཚུ་གིས་ ཧེ་མ་ཚར་ཅིག་ ཨོམ་ལྷ་སི་སི་སྦེ་ ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་མི་དེ་ བདེན་ཁུངས་ལུ་གྱུར་ཡོདཔ་ད་ དེ་བསྒང་ མི་ལ་ལོ་ཅིག་གིས་ བགོད་བྲའི་ཐོག་ལུ་སྦེ་ ཨོམ་བཞོ་ནི་ཡོད་པའི་བ་དེ་གིས་ ཆུ་མང་སུ་འཐུང་མི་ལུ་བརྟེན་ ཨོམ་ལྷ་སི་སི་ཐོན་ནུག་ཟེར་བའི་ སྐོར་གཏམ་ཡང་ འཆལ་གཏམ་ཚུ་ ཁྱབ་ཆེར་སོང་ཡི།

གོ་བ་བརྡ་སྤྲོད་དང་ ཤེས་ཡོན་སྤེལ་མི་ལུ་བརྟེན་ ཉོ་སྤྱོདཔ་ཚུ་གིས་ ཁོང་རའི་ཟ་ཆས་ཉོ་བའི་སྐབས་སུ་ དྲིས་བཀོད་འབད་མི་དེ་ ལེགས་ཤོམ་ཨིནམ་ད་ ཤེས་ཡོན་ཅན་རེ་གཉིས་ཀྱིས་ འདི་བཟུམ་གྱི་ དྲན་སྟོན་གྱི་ལོ་རྒྱུས་དང་ སྙན་ཞུ་འབད་མི་གིས་ ཤེས་ཡོན་མེད་མི་དང་ ཤེས་རྟོགས་མེད་མི་ཉོ་སྤྱོདཔ་ཚུ་ལུ་ ཕན་སྦོམ་སྦེ་ར་ཐོགས་ཏེ་འདུག།

ཉོ་སྤྱོདཔ་ཚུ་གི་དོན་ལུ་ ང་བཅས་ལུ་ ཉེན་སྲུང་འབད་ནིའི་ དབང་ཚད་ཡོདཔ་ད་ དྲན་སྟོན་འབད་མི་གིས་ གོང་ཚད་ ཚོད་སྙོམ་བཟོ་ནི་དང་ སྤུས་ཚད་ དེ་ལས་ ཉེན་སྐྱོབ་ལ་སོགས་པ་ཚུ་ ཕན་ནུས་ཅན་ཡོདཔ་བཞིན་དུ་ འདི་བཟུམ་གྱི་ བྱ་རིམ་ནང་ ང་བཅས་ཀྱིས་ འགན་ཁུར་འབག་དགོཔ་ ལེ་ཤ་ར་འདུག།

དབང་འཛིན་ཚུ་ལུ་འབད་རུང་ མི་སྟོབས་དང་ འཆར་དངུལ་ལངམ་སྦེ་ མེད་པའི་དཀའ་ངལ་ལུ་བརྟེན་ ས་གནས་ཐདམ་ཐད་ཁ་ལས་ཕར་ ལྟ་རྟོག་འབད་ནི་དེ་ཡང་ གདོང་ལེན་ཅན་ཅིག་ཨིན་མས།

ཁོང་གིས་ ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་ འབད་བ་ཅིན་ སྙན་ཞུ་ལྷོད་མི་དང་ བདེན་ཁུངས་ཅན་ཚུ་ལུ་ གཞི་བཟུང་འབད་དེ་ སྡོད་དོ་ཡོདཔ་ད་ ང་བཅས་ ཉོ་སྤྱོདཔ་ཚུ་གིས་ བྱ་ངན་འབད་དེ་ མགུ་འབྱིད་རྐྱབ་མི་ཚུ་ སྙན་ཞུ་འབད་ནི་དེ་ སེམས་ལས་བརྗེད་ནི་མི་འོང་།

འདི་བཟུམ་གྱི་ ཉིན་བསྟར་བཞིན་དུ་ ལག་ལེན་འཐབ་ནི་དེ་ འོས་འབབ་དང་མི་ལྡནམ་ལས་ གལ་སྲིད་ ཆུམ་གོང་ཚད་ཉུང་ཤོས་འབད་མི་ཚུ་ སྒམ་ལོག་རྐྱབ་སྟེ་ ཚོང་འབྲེལ་འཐབ་འདྲཝ་འབད་བ་ཅིན་ དེ་གིས་ ཚེ་སྲོག་དང་འབྲེལ་བའི་ ཉེན་ཁ་ཡང་འབྱུང་སྲིད་ནི་དང་ འབྲུག་རྒྱལ་ཁབ་ནང་ ཐོན་སྐྱེད་མ་འདྲཝ་ཚུ་ བཀྲམ་སྤེལ་འབད་བཞིན་དུ་ཡོདཔ་ད་ གློག་ཐག་བཟུམ་ཅིག་འབད་བ་ཅིན་ བཟོ་སྐྲུན་འབད་ས་དེ་ རྒྱ་གར་གྱི་ས་གནས་ཚུ་གི་མིང་ཡོད་རུང་ ནང་འདྲེན་ནང་འབད་བའི་བསྒང་ལས་ འདི་བཟུམ་གྱི་ བཟོ་གྲྭའི་མིང་ཚུ་ མི་འོང་མས་ཟེར་ཨིན་མས།

ད་རེས་ འཕྲལ་ཁམས་ཅིག་ཁར་ ཆུམ་ནང་འདྲེན་འབད་མི་ཚུ་ལུ་ ཉེས་ཆད་བཀལ་ཡོདཔ་ད་ ད་ལས་ཕར་འབད་རུང་ འདི་བཟུམ་གྱི་ བྱ་རིམ་སྒྲིག་མི་ཚུ་ དབང་འཛིན་གྱིས་ ངོས་ལེན་འབད་ནི་ལུ་ གྲ་སྒྲིག་ཡོད་མི་དང་བསྟུན་ སྙན་ཞུ་འབད་མི་ཚུ་གིས་འབད་རུང་ བདེན་དཔྱད་ཚུ་ ཚུལ་དང་མཐུནམ་སྦེ་ འབད་དགོཔ་འདུག།

ཨིན་རུང་ དབང་འཛིན་ཚུ་གིས་ ཉོགས་བཤད་ཀྱི་ སྙན་ཞུ་མ་ལྷོད་ཚུན་ བསྒུགས་སྡོད་ནི་མེན་པར་ མདུན་བསྐྱོད་འབད་དགོཔ་ཡོད་མི་དེ་ཡང་ ཉོ་སྤྱོདཔ་མང་ཤོས་ཅིག་གིས་ ཉོགས་བཤད་བཀོད་ནིའི་ རེ་བ་ཡོད་རུང་ ས་ཁོངས་དང་ ས་གནས་ ཡིག་ཚང་གི་ ཤེས་རྟོགས་མེད་མི་ལུ་བརྟེན་ ཐབས་ཆགས་ཏེ་འདུག།

དེ་འབདཝ་ལས་ ཁྲིམས་མཐུན་གྱི་ སྒྲིག་གཞི་ལས་བརྒལ་མི་ཚུ་ ངོས་ལེན་དམ་སྒྲིང་འབད་བ་ཅིན་ མ་འོངས་ཡིན་རིང་གི་ གནས་སྟངས་ལུ་ ཕན་པ་ལས་བརྒལ་བའི་ གནོད་པ་རྩ་ལས་ར་མི་བྱུང་།

Advertisement