༉ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ རྒྱལ་ཡོངས་རྒྱལ་སྲུང་ཞབས་ཏོག་གི་དོན་ལུ་ རིག་རྩལ་གཙོ་ཅན་༤ ཡོད་པའི་གྲལ་ལས་གཅིག་ ཁྲིམས་སྲུང་འགག་པ་༡༧༩ ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།

མི་སྡེ་ཉེན་སྲུང་གི་དོན་ལས་ ཉིན་གྲངས་༤༥ གི་ ཞིབ་འཚོལ་དང་ སྲོག་སྐྱབས་ གཞི་རྟེན་མེ་རྐྱེན་ཚད་འཛིན་གྱི་ སྦྱོང་བརྡར་དེ་ འདས་པའི་བདུན་ཕྲག་ནང་ མཇུག་བསྡུ་ཡོདཔ་ཨིན་པས།

རྒྱལ་སྲུང་ལས་རིམ་དེ་ འགོ་བཙུགས་ནི་རན་ཡོདཔ་ལས་ གྲ་སྒྲིག་འབད་ནི་ལུ་ ཤུགས་ལང་པའི་བསྒང་ཡོདཔ་ཨིན་པས།

རྒྱལ་ཡོངས་ཞིབ་འཚོལ་དང་སྲོག་སྐྱབས་སྦྱོང་བརྡར་ལྟེ་བའི་ནང་ སྐུ་མགྲོན་གཙོ་བོ་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ འཆི་མེད་རྡོ་རྗེ་དང་ རྒྱལ་སྲུང་ལྟེ་བ་ལས་དྲུང་ཆེན་ ཆུ་ཁ་རྫོང་བདག་ བླམ་གནས་བརྟན་ དྲང་དཔོན་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

རྒྱལ་སྲུང་ཤེས་ཡོན་༤ གྱི་ དམག་སྡེའི་འགོ་འཛིན་དེ་ ངོས་འཛིན་འབད་མི་དང་འབྲེལ་ བསྟན་སྲུང་དྲག་པོའི་དམག་སྡེ་དང་ རྒྱལ་པོའི་སྐུ་སྲུང་ དེ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ འབད་ནི་ཨིན་པས།

རྒྱལ་སྲུང་ཤེས་ཡོན་ལྟེ་བ་ཚུ་ཡང་ བསམ་རྩེ་ལུ་ རྒྱ་མཚོ་གླིང་རྒྱལ་སྲུང་ཤེས་ཡོན་ལྟེ་བ་དང་ དབང་འདུས་ཕོ་བྲང་ མཁོ་ཐང་ཁ་ མོང་སྒར་ སྦོང་སྡེ་མ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ པདྨ་ཐང་རྒྱལ་སྲུང་ཤེས་ཡོན་ལྟེ་བ་ཚུ་ཨིན་པས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་༧ དང་ ཁྲིམས་སྲུང་འགག་པ་༡༠༠ གིས་ འཚོལ་ཞིབ་དང་ སྲོག་སྐྱབས་ཀྱི་ སློབ་སྟོན་པའི་ སྦྱོང་བརྡར་དང་ འགོ་དཔོན་༥ དང་ ཁྲིམས་སྲུང་འགག་པ་༧༠ གྱིས་ གཞི་རྟེན་མེ་རྐྱེན་ཚད་འཛིན་གྱི་ སྦྱོང་བརྡར་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།

རྒྱལ་ཡོངས་ཞིབ་འཚོལ་དང་སྲོག་སྐྱབས་སྦྱོང་བརྡར་ལྟེ་བའི་ འཚོལ་ཞིབ་དང་ སྲོག་སྐྱབས་ཀྱི་ སྦྱོང་བརྡར་བྱིན་མི་ ལིང་དཔོན་ཚེ་དབང་འཕྲིན་ལས་ཀྱིས་ སླབ་མིའི་ནང་ འབྲུག་འདི་ གངས་རི་ཅན་གྱི་ རྒྱལ་ཁབ་ཅིག་འབདཝ་ལས་ སྦྱོང་བརྡར་དེ་ མེད་ཐབས་མེདཔ་ཅིག་ཨིན་པའི་ཁར་ རང་བཞིན་གྱི་རྐྱེན་ངན་ ཆུ་རུད་དང་ ས་རུད་ ནགས་ཚལ་མེ་རྐྱེན་ ཁྱེགས་མཚེོ་རྦད་ནི་ དེ་ལས་ ས་ཡོམ་ལུ་བརྟེན་ ལྷག་པར་དུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སློབ་སྟོན་པ་ཚུ་གིས་ རྒྱལ་སྲུང་སྦྱོང་བརྡར་འབད་མི་ཚུ་ལུ་ འཚོལ་ཞིབ་དང་ སྲོག་སྐྱབས་ཀྱི་ཆ་ཤས་ ཐགཔ་གི་སྲོག་སྐྱབས་ ཁྲོམ་ཚོགས་འཚོལ་ཞིབ་དང་སྲོག་སྐྱབས་ ཆུ་ནང་ལས་ གང་མགྱོགས་སྦེ་ སྲོག་སྐྱབས་དང་སྨན་བཅོས་ཀྱི་ སྦྱོང་བརྡར་ཚུ་ བྱིན་འོང་ཟེར་ཨིན་པས།

འཚོལ་ཞིབ་དང་ སྲོག་སྐྱབས་ཀྱི་ སྦྱོང་བརྡར་ཆ་ཤས་ཚུ་ཡང་ འདས་པའི་ལོ་བཅུ་ཕྲག་ནང་འཁོད་ལུ་ འབྲུག་གི་རང་བཞིན་རྐྱེན་ངན་གྱི་ ཐོ་བཀོད་དང་འཁྲིལ་ཏེ་ ངོས་འཛིན་འབད་ཡོདཔ་ཨིན་པས།

སྦྱོང་བརྡར་འབད་མི་ཚུ་ལུ་ ལག་ལེན་དངོས་བསྟར་དང་ ཤེས་ཡོན་ཚུ་ སྦྱོང་བརྡར་བྱིན་མི་དེ་ཡང་ ཀུན་སྤྱོད་རྣམ་གཞག་དང་ སློབ་སྟོན་ལག་ལེན་ལྷན་ཐབས་ལུ་དམིགས་ཏེ་ཨིན་པས།

གཞི་རྟེན་མེ་རྐྱེན་ཚད་འཛིན་གྱི་ སྦྱོང་བརྡར་བྱིན་མི་ སྡེ་གོང་སྒྲོལ་མ་གིས་ སླབ་མིའི་ནང་ སྦྱོང་བརྡར་པ་ཚུ་ལུ་ ངོ་རྐྱང་གནས་ཚད་ནང་ ན་གཞོན་ཚུ་ལུ་ མེ་རྐྱེན་དང་འབྲེལ་བའི་ རིག་རྩལ་དགོཔ་ཡོདཔ་ལས་ གཞི་རྟེན་མེ་རྐྱེན་ཚད་འཛིན་གྱི་ སྦྱོང་བརྡར་ཚུ་ བྱིན་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ནགས་ཚལ་དང་ གཞི་རྟེན་མེ་རྐྱེན་དེ་ ཁྱབ་ཆེཝ་སྦེ་ འགྱོ་དོ་ཡོདཔ་ལས་ སྦྱོང་བརྡར་པ་ཚུ་གིས་ མེ་ཚད་འཛིན་འབད་ནི་གི་ཅ་ཆས་ ཨའི་ཌ་ལིག་ཌིལ་དང་ ལི་ཀིའོ་ཕའིཌ་ པེ་ཊཱོ་ལི་ཡམ་རྒྱ་རྫི་ དེ་ལས་ མེ་བསད་འཕྲུལ་ཆས་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་ཚུགས་ཟེར་ཨིན་པས།

འཚོལ་ཞིབ་དང་ སྲོག་སྐྱབས་སྦྱོང་བརྡར་མཇུག་བསྡུ་མི་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཉིན་གྲངས་༤༥ གི་ སྦྱོང་བརྡར་ལས་རིམ་ནང་ རང་དོན་ཉེན་སྲུང་གི་སྐོར་ལས་ ལྷག་སྦྱང་འབད་ཡོདཔ་ལས་ དགོས་མཁོ་བྱུང་པའི་སྐབས་ གཞན་ཚུ་ལུ་ རྒྱབ་སྐྱོར་འབད་ཚུགས་ནི་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་དང་པ་ཚུ་ལུ་ འཚོལ་ཞིབ་དང་ སྲོག་སྐྱབས་ཀྱི་ སྦྱོང་བརྡར་བྱིན་མི་ ཁོང་ཨིནམ་ལས་ ལྷབ་སྦྱང་གི་ ཉམས་མྱོང་འདྲ་མཉམ་ཐོབ་ནི་ལུ་ བློ་སྟོབས་ཐོབ་སྟེ་ ཡོད་ཟེར་ཨིན་པས།

རྒྱལ་སྲུང་།

དུས་ཅི་ སྤྱི་ཟླ་༩ པ་ལས་ རྒྱལ་སྲུང་ཤེས་ཡོན་ལྟེ་བ་༤ ནང་ལས་ སྦྱོང་བརྡར་འགོ་བཙུགས་ནི་ལས་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ད་ ད་ལྟོ་ཚུན་ སྤྱི་ལོ་༢༠༠༠ སྐྱེས་མི་ ཕོ་སྐྱེས་༦,༣༨༡ དང་ ཨམ་སྲུ་༦,༥༥༢ བརྩིས་ཏེ་ ན་གཞོན་༡༢,༩༣༣ གྱིས་ སྦྱོང་བརྡར་གྱི་དོན་ལས་ ཐོ་བཀོད་འབད་དེ་ ཡོདཔ་ཨིན་པས།

རྒྱལ་སྲུངཔ་ཚུ་གིས་ ཟླཝ་དག་པ་ཅིག་ གཞི་རྟེན་དམག་སྦྱོང་འབད་ནི་ཨིན་པས།

དཔལ་ལྡན་འབྲུག་པའི་རྒྱལ་སྲུང་གི་བཅའ་ཁྲིམས་དེ་ སྤྱི་ཚོགས་ཀྱིས་ སྤྱི་ལོ་༢༠༢༢ ཟླ་ ༡༡ པའི་ཚེས་༡༡ ལུ་ ཆ་འཇོག་འབད་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༩ ལས་ ཐོ་བཀོད་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༩ ནང་འཁོད་ལུ་ བརྒྱ་ཆ་༩༩.༩༦ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

Advertisement