གནས་བརྟན་རྡོ་རྗེ།བཀྲིས་གཡང་རྩེ།

༉ བཀྲིས་གཡང་རྩེ་རྫོང་ཁག་ འབུམ་སྡེ་གླིང་རྒེད་འོག་གི་ སོ་ནམ་པ་ཚུ་ལུ་ གློག་ཐག་ར་བ་དང་ ས་ཞིང་འཛིན་སྐྱོང་འབད་མི་ལུ་བརྟེན་ འཚོ་བའི་གནས་སྟངས་ཡར་དྲག་བཏང་ནི་ལུ་ ཁེ་ཕན་བྱུང་བཞིན་དུ་ཡོདཔ་ཨིན་པས།

དེ་ཡང་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ མི་སེར་གྱི་ཁེ་ཕན་དང་ རང་བཞིན་གནས་སྟངས་ ཉམས་སྲུང་ལུ་དམིགས་ཏེ་ ལོ་མང་རབས་ཅིག་ ལཱ་འབད་མི་ལུ་བརྟེན་ཨིན་པས།

ཚོགས་སྡེ་གིས་འདས་པའི་ལོ་ངོ་༡༠ལྷགཔ་ཅིག་ རང་བཞིན་གནས་སྟངས་དང་ ཁྲུང་ཁྲུང་སྐེ་ནག་ཉམས་སྲུང་འབད་མི་དང་འབྲེལ་ ཆུ་ཞིང་ལེགས་བཅོས་འབད་བྱིན་ནི་དེ་གིས་ བྱཱ་ལཱ་འབད་ཚུགས་ཡོདཔ་མ་ཚད་ འོང་འབབ་དུམ་གྲ་རེ་བཟོ་ནི་འགོ་བཙུགས་ཡོདཔ་ཨིན་པས།

ས་གནས་ནང་ ཀི་ལོ་མི་ཊར་༥༡.༦ དེ་ཅིག་ གློག་ཐག་ར་བ་འགོར་བྱིན་ནི་དེ་གིས་ ཆུ་ཞིང་མང་ཤོས་ར་ བཟའ་སྤྱོད་འབད་ཚུགས་ཡོདཔ་མ་ཚད་ དེ་གིས་ ཁྲུང་ཁྲུང་ཟནམ་བཟའ་སའི་ས་ཁོངས་ ཡར་སེང་འབད་ནི་ལུ་ཁེ་ཕན་བྱུང་ཡོདཔ་ཨིན་པས།

ས་གནས་ཀྱི་མི་ཚུ་གིས་འབད་བ་ཅིན་ གློག་ཐག་ར་བ་ལས་བརྟེན་ སོ་ནམ་མང་ཤོས་ར་ སོ་ནམ་གྱི་ལཱ་འབད་ནི་ལུ་ སེམས་ཤུགས་ཐོབ་སྟེ་ཡོད་ཟེར་ཨིནམ་ད་ ས་ཞིང་མང་ཤོས་ར་ བཟའ་སྤྱོད་འབད་ནིའི་འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།

ས་ཞིང་འཛིན་སྐྱོང་འབད་བྱིན་ནི་དེ་གིས་ ལས་ཀྱི་ར་འཚོ་བའི་གནས་སྟངས་ཡར་དྲག་སོང་སྟེ་ཡོད་ཟེར་ རྒས་ཤོས་ཅིག་གིས་བཤད་པའི་ཁར་ གློག་ཐག་ར་བ་གིས་ རི་དྭགས་སེམས་བཀག་ཚུགས་དོ་ཡོདཔ་ལས་ ལོ་ཐོག་ག་ཅིག་བཏབ་རུང་ ཐོབ་ཚུགས་པས་ཟེར་ཨིན་པས།

འབུམ་སྡེ་གླིང་རྒེད་འོག་ནང་ སྤྱི་ལོ་༢༠༡༨ ལས་༢༠༢༣ ཚུན་ཚོད་ གུང་པ་༡༥༦ དེ་ཅིག་ལུ་ གློག་ཐག་ར་བ་འགོར་བྱིན་ཡོདཔ་ད་ ས་ཞིང་ཨེ་ཀར་༢༩ ལྷགཔ་ཅིག་ བཟའ་སྤྱོད་འབད་ཚུགས་ཡོདཔ་ཨིན་པས།

གཡུས་མི་ ཚེ་རིང་གཡུ་སྒྲོན་གྱིས་འབད་བ་ཅིན་ གློག་ཐག་ར་བ་ལས་བརྟེན་ ལོ་ཐོག་སྲུང་མ་དགོ་པར་ ཁེ་ཕན་ལེ་ཤ་ར་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ལོ་ཐོག་བརྒྱ་ཆ་༩༠དེ་ཅིག་ བསྡུ་ཚུགས་པས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ས་གནས་ཀྱི་མི་ལ་ལོ་ཅིག་གིས་ གཡུས་ཆུམ་བཙོང་ཐོག་ལས་ འོང་འབབ་ཡང་བཟོ་ནི་འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ དེ་གིས་ ཨ་ལོ་ཤེས་ཡོན་སྤྲོད་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིན་པས།

སོ་ནམ་ཚེ་དབང་གིས་འབད་བ་ཅིན་ ཚོགས་སྡེ་གིས་ ཁྲུང་ཁྲུང་ཉམས་སྲུང་འབད་མི་དང་བསྟུན་ ཡུན་བརྟན་གྱི་དོན་ལུ་ ཆུ་ཞིང་བཟའ་སྤྱོད་འབད་དོ་ཡདཔ་ལས་ སོ་ནམ་མང་ཤོས་ལུ་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིན་པས།

ས་ཞིང་ནང་ བྱ་ལཱ་འབད་ཚུགས་པའི་བསྒང་ལས་ ཆུམ་ཚོང་ཁང་ལས་ཉོ་མ་དགོཔ་ལས་ འཚོ་བའི་གནས་སྟངས་འབད་རུང་ ཡར་དྲག་འགྱོ་མས་ཟེར་ ཚེ་དབང་གིས་བཤད་པའི་ཁར་ ཚོགས་སྡེ་གིས་ རྒྱབ་སྐྱོར་གནང་མི་ལུ་དགའ་འཚོར་ཡོད་ཟེར་ཨིནམ་ད་ ས་ཞིང་ལེགས་བཅོས་འབད་མ་བྱིན་པ་ཅིན་ ས་ཞིང་མང་ཤོས་ར་ སྟོངམ་ལུས་ནི་ཉེན་ཁ་འདུག་ཟེར་ཨིན་པས།

འབུམ་སྡེ་གླིང་རྒེད་འོག་ནང་ ས་ཞིང་ལེགས་བཅོས་འབད་བྱིན་མི་གིས་ ས་ཞིང་སྟོངམ་ལུས་མི་མང་ཤོས་ར་ བཟའ་སྤྱོད་འབད་ཚུགས་ཏེ་ཡོདཔ་ཨིན་པས།

ནང་སྡོད་བཟོ་སྟེ་ འོང་འབབ་བཟོ་མི་ ཐུགས་རྟེན་ཚེ་རིང་གིས་འབད་བ་ཅིན་ ཁྲུང་ཁྲུང་བལྟ་བར་འོང་མི་ བལྟ་བཤལ་པ་ཚུ་འོང་མི་ལུ་བརྟེན་ ལོ་༢ དེ་ཅིག་ འོང་འབབ་བཟོ་ཚུགས་ཅི་ཟེར་ཨིནམ་ད་ ཧེ་མ་བཟུམ་སྦེ་ བལྟ་བཤལ་པ་ལེ་ཤ་མ་འོང་རུང་ རེ་གཉིས་འོང་མི་གིས་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནང་སྡོད་བཟོ་ནི་དང་ གསང་སྤྱོད་བཟོ་ནི་དོན་ལུ་ ཚོགས་སྡེ་གིས་རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ ས་གནས་ཀྱི་མི་ཚེ་ལུ་ ལྟོ་འབད་ཐངས་དང་འཛིན་སྐྱོང་གི་ སྦྱོང་བརྡར་ཡང་བྱིན་ཡི་ཟེར་ཨིན་པས།

འབུམ་སྡེ་གླིང་རྒཔོ་ མ་ཎི་རྡོ་རྗེ་གིས་འབད་བ་ཅིན་ ཚོགས་སྡེ་གི་རྒྱབ་སྐྱོར་ལས་བརྟེན་ སོ་ནམ་མང་ཤོས་ཀྱི་འཚོ་བའི་གནས་སྟངས་ ཡར་དྲག་བཏང་ནི་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ ཆུ་ཞིང་ལེགས་བཅོས་ཀྱི་རྒྱབ་སྐྱོར་ལས་བརྟེན་ ནང་འདྲེན་ལུ་བརྟེན་མ་དགོ་པར་ ནང་འཁོད་ལས་ གཡུས་ཆུམ་བཏོན་ནི་ལུ་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྲུང་ཁྲུང་ཉམས་སྲུང་འབད་མི་དང་བསྟུན་ མི་སེར་ལུ་ ཁེ་ཕན་ཡོད་པའི་ལས་འགུལ་ལེ་ཤ་ར་ གཞི་བཙུགས་འབད་མི་དེ་གིས་ ཁོ་རའི་མི་སེར་ཚུ་ལུ་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིནམ་ད་ གཡུས་ཆུམ་བཙོང་ཐོག་ལས་ འོང་འབབ་ཚུགས་མི་གཅིགཔོ་དེ་ ས་ཞིང་འཛིན་སྐྱོང་ལས་བརྟེན་ཨིན་ཟེར་ཨིན་པས།

ཚོགས་སྡེའི་ཁྲུང་ཁྲུང་ཉམས་སྲུང་འགོ་དཔོན་ འཇིགས་མེད་ཚེ་རིང་གིས་འབད་བ་ཅིན་ མ་འོངས་པའི་ནང་ ཁྲུང་ཁྲུང་ལོག་འགྱོ་བའི་དུས་སྟོན་བརྩི་སྲུང་ལས་བརྟེན་ བལྟ་བཤལ་འོང་པ་ཅིན་ ཁེ་ཕན་སྦོམ་ཡོད་ཟེར་ཨིནམ་ད་ ཚོགས་སྡེ་གིས་ འཕྲོ་མཐུད་དེ་ར་ ས་ཞིང་འཛིན་སྐྱོང་འབད་ནི་དང་ བྱ་ཟནམ་བཟའ་སའི་ས་ཁོངས་ རྒྱ་བསྐྱེད་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

ཡུ་ཨེན་དྲི་པི་ ཇི་ཨི་ཨེཕེབ་སྐྱེ་ལྡན་བལྟ་བཤལ་ལས་ཀྱིས་ མ་དངུལ་རྒྱབ་སྐྱོར་དངུལ་ཀྲམ་ས་ཡ་༣ གནང་མི་གིས་ བཀྲིས་གཡང་རྩེ་རྫོང་ཁག་བདག་སྐྱོང་གིས་ ས་ཞིང་འཛིན་སྐྱོང་འབད་དེ་་ ཁྲུང་ཁྲུང་ཉམས་སྲུང་འབད་ནི་ནང་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

Advertisement