༉ རྒེད་འོག་ཚུ་ནང་ གཞུང་གིས་ བགོ་བཀྲམ་འབད་མི་ ཞིང་རྨོ་འཕྲུལ་པ་ཝར་ཊི་ལར་ཚུ་ ད་རེས་ནངས་པར་ སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ད་ པ་ཝར་ཊི་ལར་ཚུ་ ལག་ལེན་འཐབ་མ་བཏུབ་པའི་ཁར་ ལ་ལོ་ཅིག་ བཅོ་ཁ་མ་རྐྱབ་པར་ ག་ལྷོད་བཞག་མི་ལུ་བརྟེན་ བཙའ་ཆགས་སྦེ་ གི་ཁུག་ཚུ་ནང་ལས་ཕར་ བཞག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ རྒེད་འོག་ཚུ་གིས་ ཁས་བླངས་ཐོག་ལས་ སོ་ནམ་འཕྲུལ་ཆས་ལས་འཛིན་ལུ་ རྩིས་སྤྲོད་འབད་ཡོདཔ་བཞིན་དུ་ ད་རེས་ནངས་པར་ འཕྲུལ་ཆས་དེ་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ འཆར་གཞི་ཧིང་སངས་ས་ཅིག་ ག་ནི་ཡང་མེད་པར་ ལུས་ཡོདཔ་ཨིན་པས།
གསར་སྤང་ བསམ་གཏན་གླིང་སོ་ནམ་འཕྲུལ་ཆས་ལས་འཛིན་གྱི་ ཡིག་ཚང་བཟུམ་ཅིག་ནང་འབད་བ་ཅིན་ པ་ཝར་ཊི་ལར་༦༦ ལཱ་མ་བཀོལ་བར་ཡོདཔ་ད་ དེ་ཚུ་ཡང་ རྒེད་འོག་༡༢ ནང་ལས་ པ་ཝར་ཊི་ལར་༣༩ ལོག་རྩིས་སྤྲོད་འབད་མི་ཚུ་ཨིནམ་ད་ པ་ཝར་ཊི་ལར་༡༣ རྩ་བརྟན་ལས་ ལཱ་བཀོལ་མ་བཏུབ་པའི་ཁར་༣༢ བཅོ་ཁ་རྐྱབ་བཏུབ་ནི་དང་༢༡ ལཱ་བཀོལ་བཏུབ་རུང་ ལཱ་མེད་པར་ བཞག་ཡོདཔ་སྦེ་ཨིན་པས།
སོ་ནམ་དང་སྒོ་ནོར་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ ཀུན་གསལ་ལུ་ བཤད་མིའི་ནང་ པ་ཝར་ཊི་ལར་མང་ཤོས་ར་ གཡོག་བཀོལ་ནིའི་ལོ་ཚད་ལས་ བརྒལ་ཡོདཔ་ལས་ ད་ལྟོ་ ལཱ་མ་བཀོལ་བར་ བཞག་བཞགཔ་ཨིན་མས་ཟེར་ཨིན་པས།
པ་ཝར་ཊི་ལར་ལ་ལོ་ཅིག་ ལོ་༡༠ ལང་ཡོདཔ་ད་ ཇ་པཱན་གྱི་ པ་ཝར་ཊི་ལར་ ཡ་མ་ཧ་དང་ ཀོ་བོ་ཏ་བཟུམ་འབད་བ་ཅིན་ ལཱ་བཀོལ་ནིའི་དོན་ལུ་ ལོ་ཚད་དེ་ ལོ་༡༠ དང་༢༠ གི་བར་ན་ རང་སོའི་ ཉམས་བཅོས་འབད་མི་དང་འཁྲིལ་ གཡོག་བཀོལ་བཏུབ་ཟེར་ཨིན་པས།
བློན་པོ་གིས་ པ་ཝར་ཊི་ལར་དེ་ཚུ་ ལཱ་མ་བཀོལ་མི་དེ་ཡང་ གཡུས་མི་མང་ཤོས་ཅིག་གིས་ ཁོང་ར་ སྒེར་གྱི་པ་ཝར་ཊི་ལར་ཚུ་ ཉོ་མི་ལུ་བརྟེན་ཨིན་མས་ཟེར་ བཤད་པའི་ཁར་ འདི་བཟུམ་གྱི་ གནས་ཚུལ་གོ་མི་དེ་ སོ་ནམ་པ་ཚུ་ གོང་འཕེལ་འགྱོ་བའི་རྟགས་མཚན་ ལེགས་ཤོམ་ཅིག་ཨིན་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ བཀོད་ཁྱབ་བཀའ་རྒྱ་བཏང་མི་དང་འཁྲིལ་ གཡུས་མི་ལ་ལོ་ཅིག་གིས་ པ་ཝར་ཊི་ལར་ཚུ་ སོ་ནམ་འཕྲུལ་ཆས་ལས་འཛིན་ལུ་ རྩིས་སྤྲོད་འབད་མ་བཏུབ་པར་ཡོདཔ་ད་ གཞུང་གིས་ སྤྱི་ལོ་༢༠༡༩ ལུ་ རང་སོའི་ ཁས་བླངས་དང་བསྟུན་ ལོག་རྩིས་སྤྲོད་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ སོ་ནམ་འཕྲུལ་ཆས་འཛིན་སྐྱོང་གིས་ ད་རུང་ འཕྲུལ་ཆས་སྦོམ་ གཞན་གྱི་རིགས་ཚུ་ ཉོ་འདྲེན་འབད་ནི་ཨིན་མི་དེ་ཡང་ སོ་ནམ་པ་ཚུ་གིས་ མཁོ་སྒྲུབ་འབད་མ་ཚུགས་པའི་ ཞིང་རྨོ་ནི་དང་ ལོ་ཐོག་བསྡུ་ནི་གཉིས་ཆ་ར་ བཏུབ་པའི་འཕྲུལ་ཆས་ཚུ་ ཉོ་ནི་ཨིན་ཟེར་ཨིནམ་ད་ གཞུང་གི་ཁ་ཐུག་ལས་ པ་ཝར་ཊི་ལར་ཉོ་ནིའི་དོན་ལུ་ སོ་ནམ་པ་ཚུ་ལུ་ སྐྱེད་ཆུང་བའི་ སྐྱིན་འགྲུལ་གྱི་རྒྱབ་སྐྱོར་ཚུ་ཡང་ འབད་ནི་ཨིན་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ འཕྲུལ་ཆས་ཚུ་ མེདཔ་ཐལ་མི་དེ་ཡང་ འཕྲུལ་ཆས་དེ་ལུ་ བདག་འཛིན་འབད་མི་གཏན་འཁེལ་ཅིག་ མེད་ནི་དེ་གིས་ཨིན་མས་ཟེར་ སླབ་དོ་ཡོདཔ་ད་ ལག་ལེན་འཐབ་མི་ མང་ཤོས་ཅིག་གིས་ རྒྱུན་སྐྱོང་ཚུ་ ཚུལ་དང་ལྡནམ་སྦེ་ མ་འབད་བའི་ཁར་ འཕྲུལ་ཆས་ཀྱི་ ཡན་ལག་ཆ་ཤས་ཚུ་ འཕྲུལ་ཆས་རྙིངམ་ནང་ ལག་ལེན་འཐབ་ཡོད་པའི་ ལོ་རྒྱུས་ཡང་སླབ་ཨིན་པས།
སྤྱིར་བཏང་རྒྱལ་ཁབ་ནང་ པ་ཝར་ཊི་ལར་ གཡོག་བཀོལ་མ་བཏུབ་མིའི་གྱངས་ཁ་ ག་དེམ་ཅིག་ཡོདཔ་ཨིན་ན་ ངེས་བརྟན་མེད་རུང་ སོ་ནམ་འཕྲུལ་ཆས་ལས་འཛིན་ཡིག་ཚང་ནང་ པ་ཝར་ཊི་ལར་༣༣༠ ལཱ་བཀོལ་བཞིན་དུ་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ གཞུང་གིས་ པ་ཝར་ཊི་ལར་༧༥༣ རྒེད་འོག་༢༠༥ ནང་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
རྩི་རང་ལུ་བཟུམ་ཅིག་འབད་བ་ཅིན་ སོ་ནམ་འཕྲུལ་ཆས་ལས་འཛིན་ཡིག་ཚང་ནང་ འཕྲུལ་ཆས་བཞག་སའི་ས་གོ་ མེད་མི་ལུ་བརྟེན་ པ་ཝར་ཊི་ལར་མང་ཤོས་ར་ རྒེད་འོག་ལྟེ་བའི་ས་ཁོངས་ནང་ བཞག་ཡོདཔ་ད་ འཕྲུལ་ཆས་ཆེ་བ་དང་ འབྲིང་མ་འབད་མི་༢༧ ཆུང་བ་༡༠ ཡོད་པའི་གྲས་ལས་ ད་ལྟོ་འཕྲུལ་ཆས་༥ གཡོག་བཀོལ་བཏུབ་དོ་ཡོདཔ་སྦེ་ཨིན་པས།
རྩི་རང་གི་ སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ བཤད་མིའི་ནང་ མི་སེར་སོ་ནམ་པ་ མང་ཤོས་ཅིག་གིས་ འཕྲུལ་ཆས་ཚུ་ཉོ་ཡོདཔ་ལས་ གཞུང་གི་འཕྲུལ་ཆས་གླ་ཁར་ལེན་མི་ དེ་ཅིག་ར་ མིན་འདུག་ཟེར་ཨིནམ་ད་ ལྷག་པར་དུ་ སོ་ནམ་པ་ཚུ་གིས་ འཕྲུལ་ཆས་ཆུང་བ་གདམ་ཁ་རྐྱབ་མི་དེ་ ལག་ལེན་འཐབ་ནི་ལུ་ སྟབས་བདེ་དྲགས་ཡོད་ནི་དེ་གིས་ཨིནམ་ད་ འཕྲུལ་ཆས་ཆུང་བ་ཚུ་ རྫོང་ཁག་སོ་སོའི་ གཡུས་མི་ཚུ་ལུ་ གླ་ཁར་བྱིནམ་ཨིན་ཟེར་ཨིན་པས།
ས་གནས་འགོ་དཔོན་གྱིས་འབད་བ་ཅིན་ འཕྲུལ་ཆས་ཚུ་ ལྗིད་ལྕི་དྲགས་ཡོད་ནི་དེ་གིས་ ས་ཆ་གྱེན་ཡོད་མི་ཚུ་ནང་ ལག་ལེན་འཐབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ བཅོ་ཁ་རྐྱབ་དགོཔ་རེ་ཐོནམ་ད་ཡང་ ཡན་ལག་ཅ་ཆས་ལུ་ གོང་ཚད་སྦོམ་གནསཔ་མས་ཟེར་ཨིན་པས།
ཚོ་འཁོར་གླིང་རྒཔོ་ པ་སངས་ཐིང་ཏ་མང་གིས་ བཤད་མིའི་ནང་ འཕྲུལ་ཆས་ཚུ་ མེདཔ་ཐལ་བའི་བསྒང་ལས་ བཅོ་ཁ་རྐྱབ་ནིའི་དོན་ལུ་ དགེ་ལེགས་ཕུག་ལུ་ གཏང་དགོ་པས་ཟེར་ཨིནམ་ད་ དེ་ཡང་ ལྕང་ལཱ་གི་དུས་ཚོད་ཁར་ བཅོ་ཁ་རྐྱབ་ནིའི་དོན་ལུ་ ཟླཝ་ལས་བཅད་དེ་ འགོར་མི་དེ་གིས་ ལཱ་ཁག་བཏང་དོ་ཡོདཔ་ལས་ གཡུས་སྒོའི་ནང་ སྦྱོང་བརྡར་ཅན་དང་ ངོས་འཛིན་ཅན་གྱི་ ལག་ལེན་པ་ཚུ་ དགོཔ་འདུག་ཟེར་ཨིན་པས།
གཡུས་མི་ལ་ལོ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ འཕྲུལ་ཆས་ལཱ་བཀོལ་མ་བཏུབ་མི་ཚུ་ རག་རོ་གི་གྲངས་སུ་ ཚོང་སྒྱུར་འཐབ་ནི་དང་ གལ་སྲིད་ གཡོག་བཀོལ་བཏུབ་མི་ཚུ་འབད་བ་ཅིན་ གོང་ཚད་འགྲན་བསྡུར་ཐོག་ལས་ ཚོང་བསྒྱུར་འཐབ་སྟེ་འབད་བ་ཅིན་ གདོང་ལེན་ཚུ་ མི་འབྱུང་ཟེར་ཨིན་པས།
དེ་འབདཝ་ད་ འཛིན་སྐྱོང་གི་ཁ་ཐུག་ལས་འབད་བ་ཅིན་ འཕྲུལ་ཆས་དེ་ཚུ་ གྲོགས་རམ་སྦེ་ བྱིན་བྱིནམ་འབདཝ་ལས་ ཐབས་ལམ་དེ་ འོས་འབབ་དང་ ལྡན་ཏོག་ཏོ་ཅིག་མིན་འདུག་ཟེར་ཨིན་པས།
འཕྲུལ་ཆས་ཚུ་ གླ་ཁར་ལེནམ་ད་ འཕྲུལ་ཆས་སྦོམ་ཚུ་ལུ་ ཉིནམ་རེ་ལུ་ གླ་ཆ་དངུལ་ཀྲམ་༢,༢༣༠ དང་ ཆུང་བ་ཚུ་ལུ་ དངུལ་ཀྲམ་༡,༨༡༠ འབད་མི་དེ་ མི་སེར་གྱིས་ གླ་ཆ་སྤྲོད་ཚུགསཔ་ཅིག་སྦེ་ འོས་འཚམས་བལྟ་དགོཔ་འདུག་ཟེར་ཨིན་པས།
སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ འཕྲུལ་ཆས་གླ་ཁར་བཏང་སྟེ་ སྤྱི་ལོ་༢༠༡༧ དང་༢༠༢༣ ཚུན་ལུ་ ས་ཆ་ཨེ་ཀར་༡༠༠,༠༠༠ ལཱ་འབད་མི་གིས་ རྒྱལ་ཁབ་ནང་ ཁྱིམ་གུང་༦༣,༤༣༦ ལུ་ ཁེ་ཕན་བྱུང་ནུག་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement