ཚེ་རིང་དབང་འདུས། ༉ གཞུང་གིས་ བཀྲིས་སྒང་ ཡོན་ཕུ་ལ་ལུ་ སྐལ་སྐྱིད་སློབ་གྲྭ་ཟེར་ཡོད་མི་དེ་ སློབ་ཕྲུག་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་ནང་ཡོད་མི་ཚུ་གི་དོན་ལུ་ རྒྱབ་སྐྱོར་ཐོག་ དམིགས་བསལ་གྱི་ སློབ་གྲྭ་སྦེ་ ལག་ལེན་འཐབ་ནི་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༨ ལུ་ རྒྱལ་ཡོངས་སྨྱོ་རྫས་ལས་བྱེད་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༤ པའི་ནང་ ལས་བྱེད་ཚོགས་ཆུང་གིས་ ཐད་ཀར་དུ་ ཤེས་ཡོན་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ ཡོན་ཕུ་ལ་ལུ་ དམིགས་བསལ་གྱི་སློབ་གྲྭ་དེ་ སྤྱི་ལོ་༢༠༢༤ ཟླ་༧ པའི་ནང་ གཞི་བཙུགས་འབད་ཚུགསཔ་སྦེ་ འབད་དགོ་ཟེར་ སླབ་ཡོདཔ་ཨིན་པས།

ཤེས་ཡོན་དང་ རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐ་པ་གིས་ སྤྱི་ཟླ་༤ པའི་ཚེས་༢༦ གི་ བརྡ་བརྒྱུད་གནས་ཚུལ་ཞལ་འཛོམས་སྐབས་ བཤད་དོ་བཟུམ་འབད་བ་ཅིན་ དམིགས་བསལ་གྱི་ སློབ་གྲྭ་དེ་ གོང་ལུ་གསལ་བཀོད་འབད་དེ་ཡོད་པའི་ ཚེས་གྲངས་ཁར་ འགོ་བཙུགས་ནི་ལུ་ ངེས་གཏན་མེད་ཟེར་ཨིནམ་ད་ དེ་ཡང་ དུས་ཡུན་ཟླཝ་དག་པ་ཅིག་ འགོར་ནི་བཟུམ་འདུག་ཟེར་ཨིན་པས།

བློན་པོ་གིས་ འབད་བ་ཅིན་ ལྷག་ཁག་གི་ ལཱ་ཚུ་འབད་ནི་འགོ་བཙུགས་ཡོད་རུང་ དེ་ཁར་ ལཱ་འབད་དགོཔ་ལེ་ཤ་ཡོདཔ་ལས་ ད་ལྟོ་ སླབ་མི་ཚུགས་པས་ཟེར་ཨིན་པས།

ལྷན་ཁག་གིས་ སློབ་གྲྭའི་དོན་ལུ་ ད་ལྟོ་ཡོད་པའི་ གཞི་རྟེན་མཁོ་ཆས་གུ་ལུ་ ད་རུང་ འཆར་གཞི་གྲོས་གཞི་ཚུ་ བཙུགས་དགོཔ་ཡོད་ཟེར་ཨིན་པས།

བློན་པོ་གིས་ དེ་ཁར་ ཉམས་བཅོས་ཀྱི་ ལཱ་འབད་དགོཔ་ རྒྱ་ཆེཝ་སྦེ་ར་ཡོདཔ་ད་ ད་ལྟོ་ སྡེ་ཚན་ཚུ་ ཡོན་ཕུ་ལ་གི་ ས་ཁོངས་ནང་ ལཱ་འབད་བར་ བཏང་ཡོད་ཟེར་ཨིན་པས།

ལྷན་ཁག་གིས་ ལཱ་ཚུ་ ག་དེ་མགྱོགས་མགྱོགས་འབད་ནི་ འགོ་བཙུགས་འོང་ཟེར་ཨིན་པས།

དམིགས་བསལ་གྱི་ སློབ་ཕྲུག་ཚུ་གི་དོན་ལུ་ ཆོས་ཚན་འབད་བ་ཅིན་ སློབ་གྲྭ་གཞན་ཚུ་ནང་ བཟུམ་སྦེ་ར་ བཟོ་ནི་ཨིན་ཟེར་ཨིནམ་ད་ བློན་པོ་གིས་ འབད་བ་ཅིན་ སློབ་ཕྲུག་དེ་ཚུ་ལུ་ དུས་རྒྱུན་གྱི་ སློབ་གྲྭ་བཟུམ་སྦེ་ འབད་དགོཔ་མེད་ཟེར་ཨིན་པས།

ལྷན་ཁག་གི་ ཁ་ཐུག་ལས་ འབད་བ་ཅིན་ སྨྱོ་རྫས་ལུ་ ཤུགས་ཐལ་མི་ སློབ་ཕྲུག་ན་གཞོན་ཚུ་ བསྐྱར་གསོ་སློབ་གྲྭ་ནང་བཞག་སྟེ་ སྨན་བཅོས་དང་ འདི་དང་གཅིག་ཁར་ སློབ་སྦྱོང་ཚུ་ཡང་ འབད་བཅུག་ཞིནམ་ལས་ སྨན་བཅོས་ཚུ་འབད་ཚར་བའི་ཤུལ་ལུ་ སློབ་ཕྲུག་ཚུ་ ཧེ་མའི་སློབ་གྲྭ་ནང་ ལོག་བཏང་ནི་ཨིན་ཟེར་ཨིན་པས།

གསོ་བའི་འཕྲོད་བསྟེན་ ཞིབ་དཔྱད་དེ་ སློབ་རིམ་༧ པ་ཡན་ཆད་ལས་ འབད་ནི་ཨིན་ཟེར་ཨིནམ་ད་ གལ་སྲིད་ ཞིབ་དཔྱད་འབད་བའི་སྐབས་ལུ་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་པའི་ ངོས་འཛིན་བྱུང་པ་ཅིན་ ན་གཞོན་དེ་ དམིགས་བསལ་གྱི་སློབ་གྲྭ་ནང་ བཏང་ནི་ཨིན་ཟེར་ཨིན་པས།

གཞུང་གིས་ སྐལ་སྐྱིད་སློབ་གྲྭ་དེ་ ཧ་ལམ་ དངུལ་ཀྲམ་ས་ཡ་༡༦༠ དེ་ཅིག་སྦེ་ མཁོ་སྒྲུབ་འབད་དེ་ ཀོ་བིཌ་གི་སྨན་ཁང་སྦེ་ ལག་ལེན་འཐབ་ཡོདཔ་ད་ གསོ་བའི་ལྷན་ཁག་གིས་ འཁོར་ལམ་བསལ་ནི་ གསང་སྤྱོད་ཉམས་བཅོས་འབད་ནི་ གློག་མེ་བཙུགས་སྒྲིག་འབད་ནི་ འཐུང་ཆུ་ལངམ་སྦེ་ བཙུགས་ནི་ལ་སོགས་པ་ཚུ་ འབད་བའི་སྐབས་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༨ དེ་ཅིག་ བཏང་ཡོདཔ་སྦེ་ཨིན་པས།

ནད་ཡམས་ཀོ་བིཌ་དེ་ མཇུག་བསྡུ་བའི་ཤུལ་ལུ་ སློབ་གྲྭ་དེ་ སྟོངམ་སྦེ་ར་ ལག་ལེན་མ་འཐབ་པར་ ལུས་ཡོདཔ་ཨིན་པས།

བློན་ཆེན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཅིག་འབདཝ་ལས་ སྒེར་སྡེ་དང་ མི་མང་གི་གཞི་རྟེན་མཁོ་ཆས་ཚུ་ སྣང་མེད་སྦེ་ བཞག་ནི་དེ་ ལེགས་ཤོམ་མེན་ཟེར་ཨིན་པས།

ཁོ་གིས་ འབད་བ་ཅིན་ དམིགས་བསལ་གྱི་ སློབ་གྲྭ་དེ་ གཞུང་གི་ཁ་ཐུག་ལས་ གོ་སྐབས་དང་པའི་ གྲས་ཁར་ཡོདཔ་ལས་ དེ་ཁར་ ཟད་འགྲོ་བཏང་སྟེ་ ལེགས་བཅོས་འབད་དེ་ལཱ་ཚུ་ འཕྲལ་མགྱོགས་ར་ མཇུག་བསྡུ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

Advertisement