༉ འཆར་གཞི་༡༣ པའི་ ཟིན་བྲིས་འཆར་གཞི་ནང་ ཕྱིའི་མ་རྩ་གཞི་བཙུགས་ དངུལ་ཀྲམ་ཐེར་འབུམ་༡༠༠ ལས་ གཞུང་གིས་ ཤུལ་མའི་ལོ་༥ ནང་ དངུལ་ཀྲམ་༥༠༠ གནས་པའི་ ཕྱིའི་མ་རྩ་གཞི་བཙུགས་ལས་འགུལ་གྱི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ན་ཧིང་ འབྲུག་ལུ་ དངུལ་ཀྲམ་ཐེར་འབུམ་༤༨.༦༡ དང་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༤༣.༦༢ དེ་ལས་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༤༣.༣༡ གནས་པའི་ ཕྱིའི་མ་རྩ་གཞི་བཙུགས་འབད་ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་འབད་མི་ ཟ་ཁང་ལས་སྡེའི་ནང་ བརྒྱ་ཆ་༣༤.༩ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་འོག་ལས་ར་ སྤྱི་ལོ་༢༠༢༣ ལུ་ བརྡ་དོན་འཕྲུལ་རིག་དང་ ཡང་ཅིན་ ཡོངས་འབྲེལ་དང་འབྲེལ་བའི་ཞབས་ཏོག་ནང་ བརྒྱ་ཆ་༢༡.༧ ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་ཚར་ལེ་ཤ་ར་ བསྐྱར་ཞིབ་འབད་ཡོད་རུང་ རྒྱལ་ཁབ་ཀྱིས་ འདས་པའི་ལོ་ལས་ཚུར་ ཕྱའི་མ་རྩ་གཞི་བཙུགས་ཀྱི་ སེམས་ཤུགས་བྱིན་ནི་ལུ་ འཐུས་ཤོར་བྱུང་ཡོདཔ་བཞིན་དུ་ བསྐྱར་ཞིབ་འབད་བའི་སྲིད་བྱུས་དེ་ ཆ་འཇོག་གི་དོན་ལུ་ འཕྲལ་མགྱོགས་ར་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིན་པས།

བློན་པོ་གིས་ སླབ་མིའི་ནང་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་དང་ ལྷན་རྒྱས་གཞུང་ཚོགས་ལུ་ མ་ཕུལ་བའི་ཧེ་མར་ སྲིད་བྱུས་བསྐྱར་ཞིབ་འབད་མི་དེ་ སྒེར་སྡེ་ལུ་ ད་རུང་ གསལ་ཞུ་འབད་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་ལྟོ་ བསྐྱར་ཞིབ་འབད་མི་དེ་ ཕྱའི་མ་རྩ་གཞི་བཙུགས་འབད་ནི་ལུ་ སྟབས་བདེ་ཏོག་ཏོ་བཟོ་དོ་ཡོདཔ་ད་ གནད་དོན་ལ་ལོ་ཅིག་ གྲོས་བསྟུན་འབད་བའི་བསྒང་ཡོད་མི་དེ་ ཕྱིའི་མ་དངུལ་བརྗེ་སོར་དང་ དངུལ་སྤྲོད་ལམ་ལུགས་ ཕྱི་མི་ནང་སྐྱོད་དང་འབྲེལ་བའི་ ཆ་རྐྱེན་ལ་སོགས་པ་ཚུ་ཨིན་ཟེར་ཨིན་པས།

ད་རེས་ རྒྱལ་ཁབ་ནང་ ཕྱིའི་མ་རྩ་གཞི་བཙུགས་ལས་འགུལ་ཚུ་ཡང་ སོ་དང་ ནགས་ཚལ་དང་འབྲེལ་བའི་ཐོན་སྐྱེད་དང་ ཤེས་རིག་ བརྡ་དོན་འཕྲུལ་རིག་ཞབས་ཏོག་ ལྟ་བཤལ་དང་ཟ་ཁང་ དེ་ལས་ ས་གཏེར་ཚུ་ཨིན་པས།

མ་གཞི་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ གཙོ་རིམ་ལས་སྡེ་ཚུ་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ད་ བློན་པོ་གིས་ སླབ་མའི་ནང་ གཞུང་གིས་ ཕྱིའི་མ་རྩ་གཞི་བཙུགས་ཚུ་ ས་གོ་གཞན་ནང་ རྒྱ་སྐྱེད་འབད་ནི་ལུ་ མདུན་སྐྱོད་འབད་དེ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་གིས་ དཔལ་འབྱོར་གོང་འཕེལ་དང་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ མ་རྩ་དང་འཕྲུལ་རིག་འོང་སྤྱོད་ དེ་ལས་ ཕྱིའི་མ་རྩ་གཞི་བཙུགས་གོང་འཕེལ་གཏང་ཐོག་ལས་ ཕྱི་དངུལ་ཟུར་གསོག་ཡར་སེང་འབད་ནི་དེ་ཨིན་མས་ཟེར་ཨིན་པས།

ལས་ཁུངས་ཀྱིས་ ཚོང་འབྲེལ་ཆོག་ཐམ་ལེན་ནིའི་ བྱ་སྒོ་ཚུ་ཡང་ ལེགས་ཤོམ་བཟོ་དོ་ཡོད་པའི་ཁར་ འཛམ་གླིང་མ་རྩ་གོང་འཕེལ་ཚོགས་སྡེའི་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ལུ་ ལཱ་འབད་དོ་ཟེར་ཨིན་པས།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ གྲོས་བསྟུན་ཞལ་འཛོམས་འཚོགས་པའི་སྐབས་ སྒེར་སྡེ་ཚུ་གིས་ ཕྱིའི་མ་རྩ་གཞི་སྲིད་བྱུས་ནང་ བགོ་བཤའི་མ་རྩ་གཞི་བཙུགས་ བརྒྱ་ཆ་༡༥ བཙུགས་དགོ་པའི་ གྲོས་འདེབས་བཀོད་ནུག།

གཙོ་འཛིན་གྱིས་ བཀོད་མིའི་ནང་ ཕྱིའི་མ་རྩ་གཞི་བཙུགས་སྲིད་བྱུས་༢༠༡༩ ཅན་མའི་ནང་ ཕོར་ཨིསི་ཊར་དང་ དེ་གི་ཡན་ཆད་འབད་མི་ ཟ་ཁང་རྐྱངམ་གཅིག་ ཕྱིའི་མ་རྩ་གཞི་བཙུགས་འབད་ཆོག་དོ་ཡོདཔ་ལས་ ཕོར་ཨིས་ཊར་དང་ དེ་གི་འོག་རྒྱུ་ཡོད་མི་ ཟ་ཁང་ཚུ་ལུ་ མ་རྩ་གཞི་བཙུགས་ནི་གི་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ཨིན་པས།

སྒེར་སྡེའི་ངོ་ཚབ་ཚུ་གིས་ ཕྱིའི་མ་རྩ་གཞི་བཙུགས་ནང་ ཅ་དངོས་ཚུ་ བརྗེ་སོར་འབད་བཏུབ་པའི་དངུལ་གྱིས་ འབད་དགོ་པའི་ཁར་ བགོ་བཤའ་དེ་ ནང་འཁོད་མ་རྩ་གཞི་བཙུགས་ལས་ མ་བརྒལ་ཅིག་སྦེ་ཡོད་མི་ཚུ་ལུ་ ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས།

བརྗེ་སོར་འབད་བཏུབ་པའི་ཏི་རུ་དེ་ ཚད་གཅིག་བརྒལ་མེདཔ་ལས་ འཐུས་མི་ཚུ་གིས་ སླབ་མིའི་ནང་ བརྗེ་སོར་འབད་བཏུབ་པའི་ མ་དངུལ་དེ་གིས་ མི་ལང་པས་ཟེར་ཨིན་པས།

ལྟ་རྟོག་པ་ཚུ་གིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱི་ ཚོང་ལམ་ཆུང་ཀུ་ཅིག་ལས་བརྒལ་མེདཔ་ལས་ སྐྱེལ་འདྲེན་གྱི་ཟད་འགྲོ་དང་ དངུལ་འབྲེལ་གྱི་ཟད་འགྲོ་ལེ་ཤ་ རིག་རྩལ་ཅན་གྱི་ཁྱད་རིག་ལ་སོགས་པ་ལུ་བརྟེན་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ལས་སྡེ་དང་འཁྲིལ་བ་ཅིན་ གདོང་ལེན་གཞན་ཚུ་ གཞུང་ལས་གནང་བ་འཐོབ་ནི་དང་ མགུ་རྙོགས་ལམ་ལུགས་ལུ་ཚུ་ ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

Advertisement