༉ འཆར་གཞི་༡༣ པའི་ནང་ འོབ་ཐང་རང་བཞིན་ཚོད་བསྲེ་དང་ དེ་དང་འདྲ་བའི་ སོ་ནམ་ཞིང་ལཱ་གཞན་ ཧའི་ཊེག་སོ་ནམ་ལུ་ མ་རྩ་གཞི་བཙུགས་ཡར་དྲག་གཏང་ནི་ཨིན་པའི་ཁར་ མཉམ་ལས་སྡེ་ཚན་དང་ ཚོང་ལམ་འཚོལ་ཞིབ་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གིས་ ཟླ་རིམ་གྱི་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ སོ་ནམ་ལས་སྡེ་ ཡར་དྲག་གཏང་ནི་དང་ དེ་ལུ་བརྟེན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་ཐབས་འབདཝ་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བུམ་ཐང་སྟངས་ འོབ་ཐང་རང་བཞིན་ཚོད་བསྲེ་ལས་འགུལ་དེ་ མཐར་འཁྱོལ་འབྱུང་མ་ཚུགསཔ་མེན་པར་ ཁོ་ར་ ས་ཁོངས་ནང་ ལྟ་ཞིབ་འབད་བར་འགྱོ་མི་དང་བསྟུན་ ལས་འགུལ་དེ་གིས་ གྲུབ་འབྲས་འཐོན་ཚུགས་པའི་ རེ་བསྐྱེད་དེ་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༢༢ ལུ་ གཞི་བཙུགས་འབད་མི་ འོབ་ཐང་རང་བཞིན་ཚོད་བསྲེ་ལས་འགུལ་དེ་ ས་ཆ་ཨེ་ཀར་༣༥ ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ སོ་ནམ་གྱི་ ལས་འགུལ་སྦོམ་ཤོས་ཅིག་ཨིན་པས།

ཚོང་བསྒྲགས་ཀྱི་ ཐབས་ལམ་ཐད་ཁར་ བློན་ཆེན་གྱིས་ གསུངས་མིའི་ནང་ ད་ལྟོའི་དཀའ་ངལ་ཚུ་ ལེགས་བཅོས་འབད་དེ་ ཡར་དྲག་གཏང་ནི་ཨིནམ་ད་ གཞུང་དང་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་གིས་ འབྲུག་པའི་ཐོན་སྐྱེད་ཀྱི་དོན་ལུ་ ཚོང་བསྒྲགས་འབད་ནི་གི་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།

ས་ཁ་མཐོ་ས་ལས་ཕར་ སྐྱེས་བཏུབ་པའི་ རིན་གོང་ཆེ་བའི་ མཱསི་ཏང་ཨེ་པཱལ་ཚུ་ འོབ་ཐང་རང་བཞིན་ཚོད་བསྲེ་ཞིང་ནང་ བཙུགས་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ད་ དེང་སང་འཕྲུལ་རིག་ལུ་ མ་རྩ་གཞི་བཙུགས་འབད་མི་གིས་ ཨེ་པཱན་ཐོན་ཤུགས་ ཡར་སེང་འགྱོ་འོང་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།

ད་ལྟོ་ཚུན་ཚོད་ མཁས་མཆོག་ཚུ་གིས་ འོབ་ཐང་ལུ་ འཛུགས་སྐྱོང་འབད་ནིའི་དོན་ལུ་ འོས་འབབ་བརྟག་ཞིབ་ཚུ་ འབད་ཡོདཔ་བཞིན་དུ་ དེ་བཟུམ་ ས་གནས་གཞན་ཁ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།

བློན་ཆེན་དང་འཁྲིལ་བ་ཅིན་ འཆར་གཞི་༡༣ པའི་ནང་ མ་རྩ་གཞི་བཙུགས་ཀྱི་དོན་ལུ་ མོང་སྒར་ ཡང་བཱ་རི་དང་ ཀྲོང་གསར་བསམ་གྲུབ་ཆོས་གླིང་ དེ་ལས་ བསམ་རྩེ་ བསམ་གྲུབ་ཆོས་གླིང་ལ་སོགས་པ་ཚུ་ལུ་ཡང་ བརྟག་ཞིབ་འབད་ནི་ཨིན་པས།

གཞུང་གིས་ སོ་ནམ་མཉམ་ལས་ན་གཞོན་སྡེ་ཚན་ཚུ་ལུ་ དགོས་མཁོའི་འཕྲུལ་རིག་དང་ སོ་ནམ་འཕྲུལ་ཆས་དང་འབྲེལ་བའི་ རྒྱབ་སྐྱོར་ཚུ་འབད་ནི་གི་ འཆར་གཞི་ཡོད་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།

མི་རྒན་ཤོས་ཚུ་གིས་ ན་གཞོན་ཚུ་དང་ གཅིག་སྒྲིལ་འབད་དེ་ སོ་ནམ་མཉམ་ལས་སྡེ་ཚན་ འགོ་བཙུགས་ཏེ་ མཉམ་འབྲེལ་འབད་བ་ཅིན་ དེ་ལུ་ཡང་ རྒྱབ་སྐྱོར་ཚུ་ འབད་འོང་ཟེར་ཨིན་པས།

ལས་འགུལ་དེ་ཡང་ སྤྱི་ལོ་༢༠༢༠ ཟླ་༥ པའི་ནང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་སྐབས་ ནང་འཁོད་ལས་ ཚོད་བསྲེ་ཐོན་སྐྱེད་འབད་ནིའི་དོན་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་ མཁས་དབང་པདྨ་རྒྱ་མཚོ་དང་ སོ་ནམ་འགོ་དཔོན་བགྲེསཔ་ སོ་ནམ་དང་ནགས་ཚལ་ལྷན་ཁག་ རྫོང་ཁག་ དེ་ལས་ རྒེད་འོག་དང་ མི་སྡེ་མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ནུག།

 

སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ འཕྲུལ་ཆས་ཀྱི་ རྒྱབ་སྐྱོར་ཚུ་འབད་ཡོདཔ་ད་ ལས་འགུལ་གྱི་དོན་ལུ་ བཟའ་འཐུང་དང་སོ་ནམ་ལས་སྡེ་དང་ ལས་སྡེ་གཞན་ཚུ་ལས་ རྒྱབ་སྐྱོར་འབད་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠ བཏང་ཡོདཔ་ཨིན་པས།

ད་ལྟོ་ ལས་འགུལ་ནང་ལཱ་འབད་མི་ ཕུད་རྡོག་གཅིག་ཡང་མེདཔ་ད་ ལས་འགུལ་འགོ་བཙུགས་པའི་སྐབས་ ཚོང་ལམ་དང་ ལས་མི་ དེ་ལས་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་གྱིས་གནོད་སྐྱོན་ དེ་ལས་ ཚོང་འབྲེལ་འཐབ་ནི་ལུ་ གདོང་ལེན་བྱུང་ཡོདཔ་ཨིན་པས།

བློན་ཆེན་གྱིས་ གདོང་ལེན་ཚུ་ལུ་ ངོས་ལེན་འབད་དེ་ ཚོང་ལམ་ལུ་ མ་རྩ་གཞི་བཙུགས་དང་ ཐབས་ལམ་བཏོན་ཏེ་ སེལ་ཐབས་འབད་ནི་ལུ་ ཁས་ལེན་འབད་ཡོད་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

Advertisement