༉ གཞུང་གྲྭ་ཚང་གི་ སློབ་དཔོན་༧ རིགས་གཅིག་མཁས་པའི་མཆོག་འཛིན་(Phd)གྱི་ ལས་རིམ་བཟུམ་ཅིག་སྦེ་ སློབ་ཐུན་༤ པ་འི་ ལྟ་སྐོར་ཤེས་ཡོན་གྱི་དོན་ལུ་ རྒྱ་གར་གྱི་ལྷོ་ཕྱོགས་ དགའ་ལྡན་དང་ འབྲས་སྤུངས་ཀྱི་གདན་ས་ཚུ་ནང་ ཉམས་མྱོང་འཐོབ་ནིའི་དོན་ལུ་ ཟླཝ་༦ གི་རིང་ ཤེས་ཡོན་ལྟ་སྐོར་ལུ་འགྱོ་མི་དེ་ མཇུག་བསྡུ་སྟེ་ ལོག་ལྷོད་ཡོདཔ་ཨིན་པས།

ཤེས་ཡོན་ལྟ་སྐོར་སྐབས་ གདན་ས་ཁག་གི་ དཔེ་ཁྲིད་གནང་ཐངས་དང་ རྩོད་པའི་རིམ་པ་ ཚན་རིག་དང་འཛིན་སྐྱོང་་ འདི་བཟུམ་སྦེ་ བགྲོ་གླེང་ལ་སོགས་པའི་ ལས་རིམ་ལེ་ཤ་ཅིག་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

ལྷག་པར་དུ་ ཞིབ་འཚོལ་དང་ རྩོམ་བྲིས་ཀྱི་སྐོར་ལས་ ལོགས་སུ་སྦེ་ར་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

འདི་དང་གཅིག་ཁར་ འབྲུག་གི་བཤད་གྲྭའི་ སློབ་དཔོན་༣ ཡང་ ཁ་སྐོང་ཤེས་ཡོན་གྱི་དོན་ལུ་ ཤེས་ཡོན་ལྟ་སྐོར་ལས་རིམ་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

ལས་རིམ་དེ་ཡང་ རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་གནང་ཡོདཔ་ད་ གདན་ས་༣ དང་ གྲྭ་ཚང་༦ གི་ མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་ གེ་ར་གིས་ རྒྱབ་སྐྱོར་སྦོམ་སྦེ་ར་ མཛད་གནང་ཡོདཔ་ད་ དེ་ལུ་བརྟེན་ཏེ་ ད་ལས་ཕར་ར་འབད་རུང་ འཕྲོ་མཐུད་དེ་ར་ གདན་ས་ཕན་ཚུན་དང་ ཆོས་བརྒྱུད་ཕན་ཚུན་གྱི་འབྲེལ་བ་ དམ་ཟབ་འབྱུང་ཚུགས་ནི་ཨིན་པས།

དེ་ལུ་ གཞུང་གྲྭ་ཚང་ལྟེ་བའི་ཁ་ཐུག་ལས་ རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་དང་ གདན་ས་༣ ལུ་ ཧིང་གི་གདིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement