༉ དགེ་ལེགས་ཕུག་ དམིགས་བསལ་བདག་སྐྱོང་ལུགས་ཕྱོགས་ བཟོ་ནིའི་འཆར་གཞི་ཡོད་མི་དང་བསྟུན་ འཆར་གཞི་༡༣ པའི་ནང་ གསར་སྤང་གི་ གོང་འཕེལ་གྱི་ལས་སྣ་ཚུའི་ གྲོས་འཆར་བཀོད་མི་དེ་ ལག་ལེན་འཐབ་ནིའི་དོན་ལུ་ ཏན་ཏན་མེད་པར་ ལུས་ཡོདཔ་ཨིན་པས།

གསར་སྤང་རྫོང་ཁག་བདག་སྐྱོང་གིས་ འཆར་གཞི་༡༣ པའི་ནང་ རྫོང་ཁག་གོང་འཕེལ་ལས་སྣའི་དོན་ལས་ དངུལ་ཀྲམ་ཐེར་འབུམ་༧.༧༩ གྲོས་འཆར་བཀོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༤.༢༣ རྒེད་འོག་ཚུ་གི་དོན་ལས་ཨིན་པས།

ད་རེས་ གསར་སྤང་ལུ་ བཟོ་སྐྲུན་ལས་སྣ་དང་ ཚོང་འབྲེལ་གི་ཆོག་ཐམ་གསརཔ་ དེ་ལས་ ས་ཆ་ཚོང་འབྲེལ་འཐབ་ནི་ཚུ་ གནས་སྐབས་ཅིག་གི་རིང་ བཀག་ཆ་འབད་ཡོདཔ་ཨིན་པས།

རྫོང་ཁག་ཚོགས་འདུའི་སྐབས་ འཆར་གཞི་གཙོ་འཛིན་འོགམ་ ཚེ་རིང་དོན་གྲུབ་ཀྱིས་ སླབ་མིའི་ནང་ འཆར་གཞི་དང་ ལས་སྣ་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ དྭངས་གསལ་ཐོག་ལས་ བཀོད་རྒྱ་ཚུ་ ག་ནི་ཡང་མེད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཟིན་བྲིས་འཆར་གཞི་དང་འཁྲིལ་ཏེ་ ལས་འགུལ་ཚུ་གི་ གྲོས་འཆར་བཙུགས་ཡོདཔ་ད་ འཆར་གཞི་དང་ ལས་སྣ་ཚུ་ ག་དེ་སྦེ་ འབད་ནི་ཨིན་ན་ མ་ཤེས་པར་ཡོདཔ་ལས་ ད་རེས་ ག་ནི་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།

ཚེ་རིང་དོན་གྲུབ་ཀྱིས་ སླབ་མིའི་ནང་ གོང་འཕེལ་ལས་སྣ་ཚུ་གིས་ ད་ལྟོ་དང་ མ་འོངས་གོང་འཕེལ་ལས་སྣ་ གཙོ་ཅན་ཚུ་གི་དོན་ལས་ ཕན་ཐོགས་དགོཔ་ཁག་ཆེ་ཟེར་ཨིན་པས།

ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་འཁྲིལ་བ་ཅིན་ རྒེད་འོག་བདག་སྐྱོང་ཚུ་གིས་ རང་སོའི་འཆར་གཞི་དང་ ལས་སྣ་ཚུ་ དགེ་ལེགས་ཕུག་དྲན་ཤེས་ཚོགས་ཆུང་ གསལ་ཞུ་འབད་དགོཔ་ཨིན་པས།

རྒེད་འོག་འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ ཁོང་རའི་ལས་སྣའི་ གྲོས་འཆར་ཚུ་ དགེ་ལེགས་ཕུག་གི་ རྒྱལ་ཡོངས་ཀྱི་ ལས་སྣ་ཚུ་དང་ རིམ་སྒྲིག་དགོཔ་ད་ གོང་འཕེལ་གྱི་ ལས་སྣ་སྦོམ་ཚུ་ འགོ་བཙུགས་པའི་བསྒང་ལས་ ཁོང་རའི་འཆར་གཞི་ཚུ་ཡང་ འགབ་འགྱོ་འོང་ཟེར་ཨིན་པས།

མ་འོངས་རྩིས་ལོའི་དོན་ལས་ རྫོང་ཁག་ཚོགས་འདུ་གིས་ རྫོང་ཁག་བདག་སྐྱོང་འོག་གི་ ལས་སྣའི་ཚུ་གི་དོན་ལས་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༡.༢ ཆ་འཇོག་འབད་ཡོདཔ་བཞིན་དུ་ དངུལ་ཀྲམ་ས་ཡ་༥༢༤.༤ དེ་ གསར་སྒྲུབ་ཟད་འགྲོ་དང་ དངུལ་ཀྲམ་ཐེར་འབུམ་ས་ཡ་༦༧༩ དེ་ རྒྱུན་སྐྱོང་གི་ ཟད་འགྲོ་སྦེ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ དངུལ་ཀྲམ་ས་ཡ་༧༡༥ གནས་པའི་ ལས་སྣ་ཚུ་ རྒེད་འོག་བདག་སྐྱོང་ཚུ་གིས་ ལག་ལེན་འཐབ་ནི་ཨིནམ་ད་ དངུལ་ཀྲམ་ས་ཡ་༦༤༨ དེ་ གསར་སྒྲུབ་ཟད་འགྲོ་དང་ དངུལ་ཀྲམ་ས་ཡ་༦༧ དེ་ རྒྱུན་སྐྱོང་གི་ ཟད་འགྲོ་སྦེ་ ཆ་འཇོག་འབད་ནུག།

འཆར་གཞི་ལས་སྣ་ཚུ་ འགོ་བཙུགས་པ་ཅིན་ རྫོང་ཁག་བདག་སྐྱོང་ལུ་ ལས་སྣ་༣༠ ཡོདཔ་ད་ དེ་ཡང་ གཞི་རྟེན་གོང་འཕེལ་གྱི་ལས་སྣ་ ཟམ་༡༥ རྐྱབ་ནི་དང་ གཅིག་སྒྲིག་གི་འཐུང་ཆུ་ལས་འཐུལ་༨ དེ་ལས་ མའོ་ཆུ་མཐའམ་བདའ་སྟེ་ རྒྱུག་རྩེད་ཐང༌རྐྱབ་ནི་ཚུ་ཡོདཔ་ཨིན་པས།

གོང་འཕེལ་གྱི་ ལས་སྣ་གཞན་ཚུ་ནང་ དངུལ་ཀྲམ་ཐེར་ས་ཡ་༨༥ གནས་པའི་ ཆོས་འཁོར་ཐང་དང་ ཕུ་ལ་རི་བར་ན་ འཁོར་ལམ་རྩི་ནག་གཏང་ནི་ དེ་ལས་ དངུལ་ཀྲམ་ས་ཡ་༦༠ གཏང་ཐོག་ལས་ ཨུམ་གླིང་ལུ་ ཞིང་ཆུ་གཡུར་བར་རྐྱབ་ནི་ ལས་སྣ་ཚུ་ཡོདཔ་ཨིན་པས།

ཆུ་འཛོམས་ལུ་ མི་སྡེ་ལྷ་ཁང་རྐྱབ་ནི་དང་ རེ་ཏེ་གུ་རུ་གནས་ལུ་ མི་ལམ་རྐྱབ་ནི་ ཤེས་ལྕམ་ཐང་ཁྲོམ་ནང་ ཁྲོམ་ལམ་གློག་མེ་ རྫོང་ཁག་མཐའ་འཁོར་ནང་ གཞི་རྟེན་གོང་འཕེལ་ལ་སོགས་པ་ཚུ་ རྐྱབ་ནི་ཡོདཔ་ཨིན་པས།

རྫོང་ཁག་གི་ དངུལ་རྩིས་འགོ་དཔོན་གོངམ་ བསྟན་འཛིན་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་དེ་ གལ་ཅན་ཅིག་ཨིནམ་ལས་ སོ་ནམ་དང་ སྒོ་ནོར་གྱི་ ལས་སྣ་ཚུ་ལུ་ འཕྲོ་མཐུད་དེ་ར་ འོང་སྟེ་ར་ སྡོད་འོང་ཟེར་ཨིན་པས།

དེ་ཡང་ བ་ནོར་གསོ་སྐྱོང་ཁང་དང་ བྱའི་གསོ་སྐྱོང་ཁང་ཚུ་ གཞི་བཙུགས་འབད་དེ་ སྒོ་ནོར་དང་ སོནམ་གྱི་ ཐོན་སྐྱེད་ཚུ་ལངམ་སྦེ་ བཀྲམ་སྤེལ་འབད་ཐབས་ལུ་ཨིན་ཟེར་ བསྟན་འཛིན་ཕུན་ཚོགས་ཀྱིས་ བཤད་ཡོད་པའི་གནས་ཚུལ།

 

 

 

ཨོ་རྒྱན་རྡོ་རྗེ།

Advertisement