༉ སྤྱི་ལོ་༢༠༢༣ གྱི་ ཟླཝ་༤ པའི་ནང་ གསར་སྤང་ལུ་ བཟོ་སྐྲུན་མཚམས་འཇོག་འབདཝ་ལས་ཚུར་ རྫོང་ཁག་དེ་ནང་ ཤིང་བཟོ་དང་ ཤིང་དྲ་ཁང་ཚུ་གི་ ཚོང་འབྲེལ་ལུ་ བར་ཆད་རྐྱབ་ཡོདཔ་མ་ཚད་ ཤིང་བཀྲམ་སྤེལ་དང་ ཐོན་སྐྱེད་འབད་ནི་ཚུ་ཡང་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ནུག།
གནས་སྐབས་མཚམས་འཇོག་འབད་མི་དེ་གིས་ ཤིང་བཟོ་ཚོང་ལས་ཚུ་ མར་ཕབ་འབད་དགོཔ་བྱུང་ཡོདཔ་ལས་ ལས་བྱེདཔ་ཚུ་ ལཱ་གཡོག་ནང་ལས་ དགོངས་ཞུ་གཏང་དགོཔ་བྱུང་པའི་ཁར་ ཚོང་འབྲེལ་ཡང་ མར་བབས་སོང་ཡོདཔ་ད་ ད་རེས་ནངས་པར་ ཤིང་དྲ་ཁང་ཚུ་གིས་ ཤིང་གི་སྒྲོམ་ཚུ་ཡང་ ཉུང་སུ་བཟོ་མི་དེ་ཡང་ ཁོང་རའི་ ལག་ལེན་ཡུན་བརྟན་གནས་ནིའི་དོན་ལུ་ ཁེ་ཉུང་ཚད་གཞི་ཐོག་ལས་ ཐོན་སྐྱེད་འབད་དགོཔ་བྱུང་ནུག།
ད་རེས་ནངས་པར་ གསར་སྤང་ལུ་ཡོད་པའི་ བསམ་གྲུབ་དང་ གནམ་ལྕགས་ དགེ་ལེགས་ཕུག་ལུ་ གཞོང་སྒར་ཤིང་དྲ་ཁང་ འཇིགས་མེད་གླིང་དང་ ཤེ་ལྕམ་ཐང་ལུ་ ཀུན་དགའ་དང་ ཁུ་བྱུག་ དེ་ལས་ ཕུབ་རྒྱལ་ཤིང་དྲ་ཁང་ཚུ་ ཤིང་དྲ་དྲཝ་དང་ ཤིང་ཆས་ཀྱི་ ཚོང་འབྲེལ་འཐབ་མ་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ཡོད་པའི་ རྒྱལ་མཚན་ཤིང་བཟོ་ཁང་གིས་ རྒྱ་གར་ལུ་ སྲབ་ལེབ་ཕྱིར་ཚོང་འཐབ་ནི་ལུ་ བསྒྱུར་བཅོས་འབད་དགོཔ་བྱུང་མི་དེ་ཡང་ བོ་ལོག་སྲབ་ལེབ་དང་ ཕ་ལཤི་སྒོ་ཚུ་ བཟོ་སྐྲུན་འབད་ནི་ལུ་ བཀག་ཆ་འབད་ནི་དེ་གི་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ གཞི་བཙུགས་འབད་མི་ ཕུབ་རྒྱལ་ཤིང་དྲ་ཁང་གིས་ ཧེ་མར་ མཁོ་འདོད་མཐོ་ཤོས་ཀྱི་སྐབས་ལུ་ ཟླ་རིམ་བཞིན་དུ་ ཁེ་སང་དངུལ་ཀྲམ་༤༠༠,༠༠༠ དང་༥༠༠,༠༠༠ གི་བར་ན་ བཟོ་དོ་ཡོདཔ་ད་ ད་རེས་ནངས་པར་ ཁོ་གིས་ ཟླ་རིམ་གྱི་འོང་འབབ་ དངུལ་ཀྲམ་༡༥༠,༠༠༠ བཟོ་ཚུགས་དོ་ཡོདཔ་ད་ ཁོ་གིས་ ཚོང་འབྲེལ་དངུལ་ཁང་༢ ལས་ དངུལ་ཀྲམ་ས་ཡ་༤.༥ སྐྱིན་འགྲུལ་ལེན་མིའི་ སྐྱིན་ཚབ་དངུལ་ཀྲམ་༡༦༠,༠༠༠ བཏབ་དགོ་དེ་ཡང་ ལང་མ་ཚུགས་པར་ཡོདཔ་ཨིན་པས།
ཧོམ་ནཱཐ་ ནེ་པཱལ་ཟེར་མི་ ཤིང་དྲ་མི་ཅིག་གིས་ སླབ་མིའི་ནང་ ནད་ཡམས་ཀོ་བིཌ་-༡༩ གིས་ དཀའ་ངལ་སྦོམ་བྱུང་པའི་ཁར་ བཟོ་སྐྲུན་གྱི་ལཱ་ཚུ་ མཚམས་འཇོག་འབད་མི་དེ་གིས་ གདོང་ལེན་ཚུ་ ཧེང་སྐལ་ར་ སྦོམ་བཟོ་ཡོདཔ་མ་ཚད་ ཚོང་ལཱ་ཚུ་ ལོ་༥ དེ་ཅིག་ ཡར་དྲག་འགྱོ་མ་ཚུགས་པར་ ཐོགས་ལུས་ཏི་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འཕྲལ་འཕྲལ་སྦེ་ར་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལུ་ ཚོང་མགྲོན་པ་ཚུ་ལས་ སྐྱེད་སྤྲོད་མ་དགོ་པར་ ཏི་རུ་བསྐྱི་སྟེ་ ཚོང་འབྲེལ་ལག་ལེན་འཐབ་སྡོད་ཨིན་ཟེར་ཨིན་ནས།
ཁོ་གི་ བྱ་གསོ་སྐྱོང་ཁང་ནང་ བྱ་༣,༥༠༠ ཡོད་མི་དེ་གིས་ ཟད་འགྲོ་ཚུ་གཏང་ནི་ལུ་ ཆ་རོགས་འབད་ཚུགས་དོ་ཡོདཔ་ཨིན་རུང་ ཚོང་འབྲེལ་ནང་ སྒོང་རྡོག་གི་གོང་ཚད་ མར་བབས་སོང་མི་ལུ་བརྟེན་ བྱའི་ཟེགསམ་གི་ གོང་ཚད་ར་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་མས།
ཚལ་ལུ་ཕྱིར་ཚོང་འཐབ་མི་ཅིག་ལས་ ཤིང་གི་སྒྲོམ་༥༠,༠༠༠ གྱི་ མཁོ་འདོད་ཐོབ་ཡོད་རུང་ ད་ལྟོ་ ཁོ་གི་མཛོད་ཁང་ནང་ སྒྲོམ་༢༢,༠༠༠ རྐྱངམ་གཅིག་ཡོདཔ་ལས་ སྔོན་བྱིན་མ་དངུལ་སྤྲོད་མི་ལས་ དངུལ་ཀྲམ་༡༥༠,༠༠༠ ལས་བརྒལ་ ལཱ་འབད་མ་ཚུགས་ཟེར་ཨིན་པས།

མ་གཞི་ ཤིང་གི་ལྷག་ལུས་ཚུ་ ལག་ལེན་འཐབ་སྟེ་ ཤིང་གི་སྒྲོམ་ཚུ་ བཟོ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ཤིང་དྲ་མི་ཚུ་གིས་ ཤིང་དུབ།མ་རེ་ལུ་ དངུལ་ཀྲམ་༡༣༢ རེ་སྦེ་ ཉོ་དགོཔ་བྱུང་མི་དེ་གིས་ གྱོང་རྒུད་ཕོག་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ ང་བཅས་ཀྱི་ གནས་སྟངས་སྐོར་ལས་ དགེ་ལེགས་ཕུག་གི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ངོ་ཚབ་ལུ་ཡང་ གསལ་བཤད་འབད་ཡི་ཟེར་ཨིན་པས།
ཧོམ་ནཱཐ་ ནེ་པཱལ་གྱིས་ སླབ་མིའི་ནང་ གལ་སྲིད་དཀའ་ངལ་དེ་ འཕྲོ་མཐུད་འབྱུང་པ་ཅིན་ ཁོ་གིས་ སིངྒེ་རྒེད་འོག་ནང་ ཁྱིམ་ས་ཅིག་བཙོང་སྟེ་ སྐྱིན་འགྲུལ་བཏབ་དགོཔ་ འཐོན་ནི་མས་ཟེར་ཨིནམ་ད་ ཁོ་ལུ་ སིངྒེ་རྒེད་འོག་ནང་ ས་ཆ་ཨེ་ཀར་༣ དང་ དགའ་སྐྱིད་གླིང་ ཤེ་ལྕམ་ཐང་ལུ་ ཌེ་སི་མཱལ་༦༠ ཡོདཔ་ད་ ཁོ་རའི་ ཁྱིམ་དང་ ཤིང་དྲ་ཁང་དེ་ ས་གནས་དེ་ཁར་ཡོདཔ་ཨིན་པས།
འཇིགས་མེད་གླིང་ལུ་ཡོད་པའི་ ཤིང་དྲ་མི་གཞན་ ཀུན་དགའ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཁོ་གི་ཚོང་ལས་ཀྱི་ འོང་འབབ་དེ་ བཀག་དམ་ལུ་བརྟེན་ མར་བབས་སོང་ཡི་ཟེར་ཨིནམ་ད་ ཁོ་གི་ ཟླ་རིམ་འོང་འབབ་དེ་ དངུལ་ཀྲམ་ས་ཡ་ལས་ སྟོང་ཕྲག་དག་པ་ཅིག་ལུ་ མར་བབས་སོང་ཡི་ཟེར་ཨིན་པས།
ཁོ་ལུ་ ལས་མི་༡༨ ཡོད་མི་དེ་ ད་ལྟོ་ ལས་ཙི་༣ ལུ་ མར་བབས་སོང་ཡོདཔ་ད་ ཕྱིར་ཚོང་བཀག་ཆ་འབད་དགོཔ་བྱུང་མི་དེ་ཡང་ མཁོ་འདོད་སྦོམ་བཀོད་མི་ཚུ་ འགྲུབ་མ་ཚུགས་ནི་དེ་གིས་ཨིན་པའི་ཁར་ ནགས་ཚལ་དང་འབྲེལ་བའི་ སྒྲིག་གཞི་ཚུ་དང་འཁྲིལ་ནི་དེ་ཡང་ ལས་བྱེདཔ་ཉུང་ནི་དེ་གིས་ ལཱ་ཁག་རྐྱབ་ནི་མས་ཟེར་ ཁོ་གིས་ སླབ་ཨིན་པས།
ཤིང་མ་ལང་པའི་ དཀའ་ངལ་སེལ་ཐབས་དོན་ལུ་ ཤིང་དྲ་ཁང་བཙུགས་མི་ ལ་ལུ་ཅིག་གིས་ སྒེར་གྱི་ས་ཆ་ནང་ལས་ ཤིང་དུམ་ཚུ་ ཉོ་དོ་ཡོདཔ་ད་ གཞན་མི་ཚུ་གིས་ སྒེར་གྱི་ཤིང་བཀྲམ་སྤེལ་ཚུ་ལས་ ཉོ་ནི་གི་ཐབས་ཤེས་ཚུ་ ལྟ་དོ་ཡོདཔ་ཨིན་པས།
བཟོ་གྲྭ་ལུ་ དཀའ་ངལ་བྱུང་མི་ གནད་དོན་གཞན་མི་དེ་ རང་བཞིན་འཐོན་ཁུངས་གོང་འཕེལ་ལས་འཛིན་ཚད་ལས་ ནགས་ཚལ་ལས་ཁུངས་ལུ་ གཞུང་ཁྲལ་སྤྲོད་ནིའི་ནང་ དུས་ཡུན་འགོར་མི་དེ་ཨིནམ་མ་ཚད་ བུམ་ཐང་གི་ས་ཁོངས་ནང་ སྣུམ་འཁོར་སྐྱེལ་འདྲེན་འབད་མི་ མངམ་མེདཔ་ལས་ སྐྱེལ་འདྲེན་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་པས།
ཤིང་དྲ་ཁང་གི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ ནགས་ཚལ་ལས་ཁུངས་དང་ རང་བཞིན་འཐོན་ཁུངས་གོང་འཕེལ་ལས་འཛིན་ཚད་ཀྱི་བར་ན་ མཉམ་འབྲེལ་ལེགས་ཤོམ་མེད་མི་དེ་ཨིན་ཟེར་ཨིནམ་ལས་ གཞུང་གིས་ ཚོང་འབྲེལ་འཐབ་ཐངས་ འཇམ་ཏོང་ཏོ་བཟོ་ནིའི་དོན་ལུ་ སེལ་ཐབས་འབད་དགོཔ་འདུག་ཟེར་ཨིན་པས།
ཤིང་དྲ་ཁང་ཚུ་གིས་ ཐིམ་ཕུག་དང་ སྤ་རོ་ སྤུ་ན་ཁ་ བུམ་ཐང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ དགེ་ལེགས་ཕུག་ལུ་ ཤིང་དྲ་དྲཝ་དང་ ཤིང་ཆས་ཚུ་ བཀྲམ་སྤེལ་འབད་དོ་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement