བཀྲིས་ཕུན་ཚོགས།

༉ ལོ་༥ འི་འཆར་གཞི་༡༣ པའི་ནང་ གསར་སྤང་གི་ སྤྱིར་བཏང་སྨན་ཁང་དེ་ རྒྱུན་སྐྱོང་དང་ ཉམས་བཅོས་འབད་ནི་ཨིན་ཟེར་ གྲོས་འཆར་བཀོད་མི་དེ་ དགེ་ལེགས་ཕུག་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ གོང་འཕེལ་གཏང་ནིའི་འཆར་གཞི་ལུ་བརྟེན་ ཏན་ཏན་མེདཔ་ཨིན་པས།

དེ་འབདཝ་ད་ རྫོང་ཁག་བདག་སྐྱོང་གིས་ སྨན་ཁང་གསརཔ་ བཟོ་སྐྲུན་འབད་ཐབས་ལུ་ ས་ཁྲ་དང་ བཟོ་བཀོད་ཀྱི་ལཱ་ཚུ་ མཇུག་བསྡུ་སྟེ་འབད་རུང་ གྲོས་འཆར་བཀོད་མིའི་གནང་བ་དེ་ འཐོབ་ནིའི་འོས་འབབ་ཅིག་ མ་མཐོངམ་ཨིན་པས།

གསར་སྤང་ལུ་ བཟོ་སྐྲུན་གསརཔ་གི་རིགས་ཚུ་ འབད་མ་ཆོགཔ་སྦེ་ བཞག་མི་ལུ་བརྟེན་ འཕྲོ་མཐུད་དེ་ར་ འབྱེམ་ཕོག་ཡོདཔ་ཨིན་པས།

སྨན་ཁང་བདག་སྐྱོང་གིས་ འཆར་གཞི་༡༣ པའི་ནང་ སྨན་ཁང་ཉམས་བཅོས་ཀྱི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༣ མཁོ་འདོད་བཀོད་པའི་ཁར་ རྫོང་ཁག་བདག་སྐྱོང་གིས་ སྨན་ཁང་དེ་ རྒྱ་ཆེཝ་སྦེ་ ཉམས་བཅོས་འབད་ཐབས་ལུ་ དངུལ་ཀྲམ་ས་ཡ་༥ འི་ གྲོས་འཆར་བཀོད་ཡོདཔ་ཨིན་པས།

གཞི་སྒྱུར་གྱི་ གནད་དོན་དང་འཁྲིལ་ གསོ་བའི་ཞབས་ཏོག་གི་ གོང་འཕེལ་ལས་སྣ་དང་ འཆར་གཞི་དེ་ རྒྱལ་ཡོངས་སྨན་བཅོས་ཞབས་ཏོག་ནང་ གནས་སོར་ཡོདཔ་ལས་ ད་ལས་ཕར་ གསོ་བའི་བདག་སྐྱོང་གིས་ ཐད་ཀར་དུ་ ལས་འགུལ་གྲོས་འཆར་ཚུ་ རྒྱལ་ཡོངས་སྨན་བཅོས་ཞབས་ཏོག་བརྒྱུད་དེ་ གསོ་བའི་ལྷན་ཁག་ལུ་ བཙུགས་དགོཔ་ཨིན་པས།

གསར་སྤང་གི་ འཆར་གཞི་གཙོ་འཛིན་འོགམ་ ཚེ་རིང་དོན་གྲུབ་ཀྱིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ ཉམས་བཅོས་ཀྱི་འཆར་གཞི་ཚུ་ ལས་སྣ་ཅིག་སྦེ་ གཅིག་སྒྲིལ་བཟོ་སྟེ་ཡོད་ཟེར་ཨིན་པས།

རྫོང་ཁག་ནང་ འགོ་འདྲེན་འཐབ་དགོཔ་ཡོད་མི་ འཆར་གཞི་དང་ ལས་དོན་སྣ་ཚོགས་ཚུ་ འཕྲལ་ཁམས་ཅིག་ཁར་ གནས་སོར་རིམ་ལུགས་ལུ་བརྟེན་ བསྣར་གྱངས་འབད་དེ་ཡོད་ཟེར་ འཆར་གཞི་གཙོ་འཛིན་འགོ་དཔོན་འོགམ་གིས་ སླབ་ཡོདཔ་བཞིན་དུ་ ད་ལྟོའི་གནས་སྟངས་ནང་ རྫོང་ཁག་གསོ་བའི་ལས་སྡེ་གིས་ མི་མང་ལུ་ བརྡ་དོན་དང་ འགོ་འདྲེན་འཐབ་ནི་ལུ་ གཙོ་བོར་བཏོན་ནིའི་ནང་ འགན་ཁུར་འབག་དོ་ཟེར་ཨིན་པས།

རྫོང་ཁག་ཚོགས་འདུ་ འགོ་འདྲེན་འཐབ་པའི་སྐབས་ གཤོམ་སྤང་ཁ་དམངས་མི་ ཨཤ་ མཱན་ རའེ་གིས་ གལ་སྲིད་ ད་ལྟོའི་གནས་སྟངས་དང་འཁྲིལ་ བཟོ་སྐྲུན་གསརཔ་འབད་ནི་ཚུ་ འགོ་འདྲེན་འཐབ་མ་ཚུགས་པ་ཅིན་ འཆར་གཞི་༡༣ པའི་ནང་ རྒྱུན་སྐྱོང་ལས་སྣ་ཚུ་ འབད་ཆོགཔ་སྦེ་ བཟོ་དགོཔ་གལ་ཆེ་བས་ཟེར་ སླབ་པའི་ལན་ལུ་ ཁོ་གིས་ སླབ་ཡོདཔ་ཨིན་པས།

དམངས་མི་གིས་ སླབ་མིའི་ནང་ འཆར་གཞི་༡༣ པའི་ནང་ གསོ་བའི་སྡེ་ཚན་གྱི་ གསོ་བའི་སྨན་ཁང་རྒྱུན་སྐྱོང་དང་ ཉམས་བཅོས་འབད་ནིའི་ གྲོས་འཆར་ཚུ་ མ་བཙུགས་པར་ལུས་དོ་བཟུམ་འདུག་ཟེར་ཨིནམ་ད་ དེ་ཡང་ སྨན་ཁང་གི་ཉལ་ཁྲི་དང་ གློག་ཐག་གི་གཞི་རྟེན་མཐུན་རྐྱེན་ཚུ་ཡང་ ཉམས་བཅོས་འབད་ནི་ རན་ནུག་ཟེར་ཨིན་པས།

སྤྱི་ལོ་༡༩༦༣ ལུ་ གཞི་བཙུགས་འབད་མི་སྨན་ཁང་གི་ བཟོ་བཀོད་ཚུ་ རྒྱ་ཆེཝ་སྦེ་ ཉམས་ཡོདཔ་མ་ཚད་ གནམ་སྤང་དང་ སྒོ་ཅུང་ དེ་ལས་ སྒོ་ཅུང་གི་ཤེལ་ཚུ་ག་ར་ ཉམས་སོ་ནུག་ཟེར་ཨིན་པས།

གསར་སྤང་སྨན་ཁང་གཙོ་འཛིན་འགོ་དཔོན་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ སྨན་ཁང་དེ་ ལོ་ལེ་ཤ་སོང་ནི་དེ་གིས་ ཉམས་གསོ་ཞུ་དགོཔ་ནུག་ཟེར་ཨིན་པས།

སྨན་ཁང་གི་གནམ་སྤང་ཚུ་ སྒྲིང་སྒྲི་མེད་ནི་དེ་གིས་ ཧྲམ་འོང་ནིའི་ཉེན་ཁ་ཡོདཔ་ལས་ ལྕགས་བཙུགས་ཏེ་ སོར་དགོཔ་གལ་ཆེཝ་སྦེ་ཐོན་ཏེ་ཡོད་ཟེར་ སླབ་ཨིན་པས།

གསོ་བའི་བདག་སྐྱོང་དང་འཁྲིལཝ་ད་ གནམ་བྱཱར་ཆརཔ་གི་དུས་ཚོད་ཁར་ ནདཔ་བཞག་སའི་ཁང་མིག་དང་ ནདཔ་གཤག་བཅོས་ དེ་ལས་ ཡིག་ཚང་ཚུ་ནང་ ཆརཔ་འཛགས་དོ་ཡོདཔ་ལས་ འཕྲུལ་ཆས་དང་ མཐུན་རྐྱེན་ཚུ་ མེདཔ་ཤོར་ནིའི་ཉེན་ཁ་ཡོདཔ་བཞིན་དུ་ གཟུགས་ཀྱི་ ནང་ཁོངས་བརྟག་དཔྱད་འབད་མི་ འཕྲུལ་ཆས་ཚུ་ ལཱ་འབད་མ་བཏུབ་པར་ ལོ་དག་པ་ཅིག་ལང་རུང་ ལོག་ཉམས་བཅོས་དང་ གསརཔ་བཙུགས་མ་ཚུགས་པར་ཡོད་ཟེར་ཨིན་པས།

ད་རེས་ སྨན་ཁང་ནང་ ཉལ་ཁྲི་༡༠འབད་མི་དེ་ རྒྱ་སྐྱེད་འབད་ཞིནམ་ལས་ ཉལ་ཁྲི་༢༠གུ་ ཡར་སེང་འབད་ཡོད་རུང་ ས་གོའི་གནས་སྟངས་དང་འཁྲིལ་ ཉལ་ཁྲི་༡༨ ལས་བརྒལ་ བཙུགས་མ་ཚུགས་པར་ཡོདཔ་ལས་ འཕྲལ་འཕྲལ་སྐབས་ ནདཔ་ལེ་ཤ་སྦེ་འོངམ་ད་ ནདཔ་བཞག་ནིའི་ ཉལ་ཁྲི་འཐོབ་མ་ཚུགསཔ་ད་ སྒོ་བར་ནང་དང་ ཤག་སྐོར་ཚུ་ནང་ བཞག་དགོ་པའི་གནས་སྟངས་ནང་ ལྷོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྫོང་ཁག་འགོ་དཔོན་ཚུ་དང་འཁྲིལ་རུང་ རྫོང་ཁག་གི་ གཞི་རྟེན་སྨན་ཁང་ལྟེ་བ་ ལེ་ཤ་ཅིག་ར་ ཉམས་བཅོས་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

Advertisement