༉ ཐིམ་ཕུག་གི་ས་གནས་ཁག་ཚུ་ནང་ བདུན་ཕྲག་ལས་བཅད་དེ་ འཐུང་ཆུ་མི་འོང་ནི་ཨིན་མི་དེ་ཡང་ སྤྱི་ཟླ་༨ པའི་༢༥ ལུ་ ས་གནས་རྡོ་གདན་ན་དང་ རྟ་རྦབ་ཀྱི་བར་ན་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ཆུ་དུང་ཚུ་མེདཔ་བཏང་ཡོདཔ་ཨིན་པས།

ཆུ་དུང་མེདཔ་བཏང་མི་ལས་ འཐུང་ཆུ་བགོ་བཀྲམ་དེ་ཡང་ གླང་རྒྱུག་ཕར་ཁ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ ལྕང་ཇི་ཇི་ ཐིམ་ཕུག་གི་ས་ཁོངས་ཆ་ཤས་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཁྱིམ་བཟོ་ས་ཁོངས་ དེ་ལས་ ལྕང་ཟམ་ཏོག་སྨད་ཚུ་ནང་ཡོདཔ་ཨིན་པས།
འཐུང་ཆུའི་དཀའ་ངལ་སྦོམ་ཤོས་ར་ གླང་རྒྱུག་ཕར་ཁ་དང་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ དེ་ལས་ ལྕང་ཇི་ཇི་ཚུ་ནང་ འཐོན་ནི་ཨིན་རུང་ གཞན་མི་ཚུ་ནང་ ཆ་ཤས་ལུ་གནོད་པ་ཡོདཔ་ཨིན་པས།

འཐུང་ཆུའི་ཆུ་དུང་བཅོ་ཁ་རྐྱབ་པའི་སྐབས་སུ་ ཐིམ་ཕུག་ཁྲོམ་སྡེ་གིས་ ཆུ་བཀྲམ་སྤེལ་སྣུམ་འཁོར་ཐོག་ལས་ འཐུང་ཆུ་བགོ་བཀྲམ་འབད་ནི་ཨིན་ཟེར་ཨིན་པས།

ཆུ་དུང་མེདཔ་ཐལ་མི་དེ་ཡང་ འཁོར་ལམ་ལས་ ཀི་ལོ་མི་ཊར་༡.༢༥ གི་ ས་ཁོངས་ནང་ ཐོན་ཡོདཔ་སྦེ་ཨིན་པས།
ཆུ་དུང་ཉམས་བཅོས་འབད་ནིའི་དོན་ལུ་ དུས་ཚོད་བདུན་ཕྲག་གཉིས་ལྷགཔ་ཅིག་ འགོར་ནི་ཨིན་མི་དེ་ཡང་ ས་ཁོངས་ནང་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ འཁོར་ལམ་མེད་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ དེ་ཡང་ ཁྲོམ་སྡེ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཁྲོམ་སྡེའི་ཁྱབ་བསྒྲགས་དེ་ལུ་ ས་ཁོངས་ནང་སྡོད་མི་ཚུ་ སེམས་མ་དགའ་བའི་ཁར་ མི་སེར་ཚུ་གིས་ ལཱ་གང་མགྱོགས་དང་ ཡུང་རིང་གི་སྤུས་ཚད་ དེ་ལས་ ཕན་ནུས་ཅན་གྱི་ འཛིན་སྐྱོང་འཐབ་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།

ད་རེས་ཀྱི་ དཀའ་ངལ་དེ་བརྩིསཝ་ད་ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ དཀའ་ངལ་ཐེངས་གསུམ་པ་བྱུང་དོ་ཡོདཔ་ད་ དེ་ཚུ་ག་ར་ གནམ་བྱཱར་གྱི་ཆརཔ་ ཤུགས་སྦེ་རྐྱབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

སྤྱི་ཟླ་བདུན་པའི་ནང་ ལྕམ་སྒང་ཆུའི་རྐ་ཁ་ལས་ ཆུ་རུད་ཀྱི་འཕྱགས་བདའ་ཡོདཔ་ད་ ཆུ་རྐ་དེ་ཁ་ལས་ འཐུང་ཆུ་བཀྲམ་སྤེལ་དེ་ཡང་ ལྷོ་ཐིམ་ཕུག་ ལྕང་སྦང་འབྲུ་ ལུང་བསྟན་ཕུག་ ཨོ་ལ་ཁ་ དེ་ལས་ བར་སྦི་ས་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

ལྷོ་ཐིམ་ཕུག་གི་མི་སེར་ཚུ་ ཆུ་དུང་བཅོ་ཁ་རྐྱབ་སྟེ་ བདུན་ཕྲག་གཉིས་ཀྱི་རིང་ འཐུང་ཆུ་ཐོབ་མ་ཚུགསཔ་ད་ དེ་ཡང་ ཆརཔ་འཕྲོ་མཐུད་རྐྱབ་མི་ལུ་བརྟེན་ ལཱ་ཚུ་ལེགས་ཤོམ་སྦེ་ འབད་མ་བཅུག་ནི་དེ་གིས་ ཨིན་ཟེར་ཨིན་པས།

ཁྲོམ་སྡེ་གིས་ བདེ་ཆེན་ཆོས་གླིང་གི་ས་ཁོངས་ནང་ ས་རུད་དང་ཆུ་རུད་ལུ་བརྟེན་ ཆུ་དུང་མེདཔ་བཏང་མི་གི་ལཱ་ཚུ་ ཧ་ལམ་བརྒྱུ་ཆ་༧༥ དེ་ཅིག་འབད་ཚར་ཡོདཔ་ད་ ཆུ་རྐ་དེ་ཁ་ལས་ བདེ་ཆེན་ཆོས་གླིང་དང་ གདང་རས་ནང་ དེ་ལས་ ཡན་ལག་ཁྲོམ་ཚུ་ནང་ བགོབཀྲམ་འབད་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ད་རེས་ ས་རུད་དང་ ཆུ་རུད་ཀྱིས་ ཆུ་དུང་ཚུ་འཕྱགས་བདའ་བའི་ཁར་ འཁོར་ལམ་ཚུ་ཡང་བསུབས་ཡོདཔ་ད་ འདས་པའི་རིང་ལུ་ བུམ་ཐང་བླ་མའི་དགོན་པ་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ འབོད་སྒར་ནང་གུ་རུ་ལྷ་ཁང་ནང་ ཆུ་རུད་ཐོན་ཡོདཔ་མ་ཚད་ སྤྱི་ཟླ་༨ པའི་ཚེས་༡༠ ལུ་ བདེ་ཆེན་ཆོས་གླིང་ལས་ ཆུ་རུད་ཐོན་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ སྤ་རོ་དབུས་སུ་ན་དང་ ཐིམ་ཕུག་སྒྱིད་དར་གོངམ་ལུ་ གནོད་སྐྱོན་དང་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ སྒང་སྟེང་ཚུ་ནང་ ཆར་ཆུ་ལུ་བརྟེན་པའི་ གནོད་སྐྱོན་ཚུ་ རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement