བཀྲིས་ཕུན་ཚོགས།

༉ ད་རེས་ནངས་པར་ ཆུ་ཁ་རྫོང་ཁག་འོག་གི་ ཕུན་ཚོགས་གླིང་ཕུཊ༌བཱོལ་རྩེད་ཐང་ནང་ ཨམ་སྲུ་སྡེ་ཚན་ཁག་གི་བར་ན་ ཕུཊ་བཱོལ་ལིག་རྩེད་འགྲན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༡༨ ལུ་ འགོ་བཙུགས་མི་ ཕུཊ་བཱོལ་ལིག་རྩེད་འགྲན་ནང་ ཡུ་ནའེ་ཊེཊ་ཨམ་སྲུ་སྡེ་ཚན་དང་ པིངཀ་ པཱན་ཐར་ཨམ་སྲུ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཡུ་ནའེ་ཊེཊ་ཨམ་སྲུ་སྡེ་ཚན་གྱིས་ གཱོལ་༡༡ བཙུགས་ཏེ་ ཕམ་བཏངམ་ད་ བྱང་ཕྱད་ཀྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགསཔ་ཨིན་པས།

ཡུ་ནའེ་ཊེཊ་ཨམ་སྲུ་སྡེ་ཚན་གྱི་ རྩེད་འགྲན་པ་ ཡེ་ཤེས་སྒྲོལ་མ་དང་ ཀུན་བཟང་ལྷ་མོ་༢ ཀྱིས་ གཱོལ་༣ འདྲན་འདྲ་བཙུགས་ཡོདཔ་ད་ ཉི་མ་བཟང་མོ་གིས་ གཱོལ་༢ དེ་ལས་ ངག་ལྡན་སྒྲོལ་མ་དང་ བཀྲིས་པདྨོ་ དེ་ལས་ ཕུན་ཚོགས་དབང་མོ་༣ གྱིས་ གཱོལ་རེ་ བྱང་ཕྱད་སྡེ་ཚན་ལུ་ བཙུགས་ཡོདཔ་ཨིན་པས།

ཕུཊ༌བཱོལ་རྩེད་འགྲན་འབད་ནི་དེ་ འགོ་ཐོག་ཨིནམ་བཞིན་དུ་ ཡུ་ནའེ་ཊེཊ་ཨམ་སྲུ་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་འཇམ་ཏོང་ཏོ་སྦེ་ བཙུགས་སྡོད་པའི་བར་ན་  པིངཀ་ པཱན་ཐར་ཨམ་སྲུ་སྡེ་ཚན་ལས་ རྟ་མགྲིན་བུ་དར་གྱིས་ གཱོལ་༡ བཙུགས་ཡོདཔ་ཨིན་པས།

གལ་སྲིད་ པིངཀ་ པཱན་ཐར་ཨམ་སྲུ་སྡེ་ཚན་གྱིས་ གཱོལ་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགས་པ་ཅིན་ སྡེ་ཚན་ལུ་ བློ་ཕམ་སྦོམ་འབྱུང་ནི་ཨིནམ་ད་ དེ་ཡང་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡༡ བཙུགས་མི་དང་ ད་ལྟོ་ཚུན་ རྩེད་འགྲན་གྱི་དོན་ལུ་ སློབ་སྦྱོང་དང་ སྦྱོང་བ་འབད་མི་ཚུ་ རྩིས་མེདཔ་སྦེ་འགྱོཝ་མི་ལུ་བརྟེན་ཨིན་པས།

མ་གཞི་ ཨམ་སྲུ་སྡེ་ཚན་ཚུ་གིས་ དོ་འགྲན་འབད་ཡོད་རུང་ གཟུགས་སྟོབས་སྦོམ་མི་དང་ བྱང་ཕྱད་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་བཟུམ་སྦེ་ དོ་འགྲན་འབད་མ་ཚུགས་མི་ལུ་བརྟེན་ ཕམ་སོཔ་ཨིན་པས།

དེ་བཟུམ་སྦེ་ ཨེཕ་སི་བི་ཨེལ་སྡེ་ཚན་དང་ སྐྱེས་ལོ་༡༦ མན་ཆད་འབད་མི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཨེཕ་སི་བི་ཨཱེལ་སྡེ་ཚན་གྱིས་ གཱོལ་༩ བཙུགས་ཏེ་ ཕམ་བཏང་ཡོདཔ་ཨིན་པས།

ད་རིས་ པཱན་ཐར་ཨམ་སྲུ་སྡེ་ཚན་སྡེ་ཚན་གྱིས་ ཨེཕ་སི་བི་ཨེལ་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་དང་ གཞན་མི་རྩེད་འགྲན་དེ་ ཇི་སི་བི་ཨེསི་ཨམ་སྲུ་སྡེ་ཚན་གྱིས་ རའེ་ཌར་ཨེཕ་སི་ཨམ་སྲུ་སྡེ་ཚན་དང་དོ་འགྲན་འབད་ནི་ཨིན་པས།

ནངས་པར་ ཡུ་ནའེ་ཊེཊ་ཨམ་སྲུ་སྡེ་ཚན་གྱིས་ ཨེཕ་སི་བི་ཨེལ་སྡེ་ཚན་དང་གཅིག་ཁར་ ཕྱི་རུའི་ཆུ་ཚོད་༥ ལས་༧ གྱི་བར་ན་ རྩེད་འགྲན་འབད་ནི་དང་ དེ་གི་ཤུལ་ལས་ ཆུ་ཚོད་༧ ལས་༩ ཚུན་ ཕུན་ཚོགས་གླིང་ཨམ་སྲུ་སྡེ་ཚན་གྱིས་ རའེ་ཌར་ཨེཕ་སི་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།

ད་རེས་ཀྱི་ ཆུ་ཁ་རྫོང་ཁག་ཨམ་སྲུ་སྡེ་ཚན་ཁག་གི་བར་ན་ སྡེ་ཚན་༧ གྱིས་བཅའ་མར་གཏོགས་ཡོདཔ་ད་ རྩེད་འགྲན་དེ་ ཨམ་སྲུ་ཚུ་གིས་ སྤྲོ་བ་ལེན་ཐབས་ལུ་ འབྲུག་ཕུཊ༌བཱོལ་ཚོགས་པ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་བྱིན་ཡོད་པའི་གནས་ཚུལ།

Advertisement