༉ ཆུ་ཁ་ དགེ་གླིང་རྒེད་འོག་ ཕྱག་ན་ཅན་གཡུས་ཚན་ནང་ བསྒྱུར་བཅོས་སྦོམ་འབད་དོ་ཡོད་མི་དེ་ཡང་ ཇ་པཱན་གྱི་ མིང་གཏམ་ཅན་གྱི་ལས་སྡེ་ རང་བཞིན་བཟའ་ཆས་ཐོན་སྐྱེད་མཁས་མཆོག་ སཱན་ཨིས་མ་ཡེལ་ཀོ་གིས་ གཡུས་ཚན་དེ་ རྫས་སྦྱོར་མེད་པའི་ རང་བཞིན་གྱིས་སྐྱེ་བའི་ལོ་ཐོག་གི་ སོ་ནམ་གྱི་དོན་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
གསར་གཏོད་ཀྱི་བརྗོད་དོན་ རང་བཞིན་སོ་ནམ་ཐབས་རིག་དང་ ཡུན་བརྟན་ཚོང་ལས་ གོང་འཕེལ་གྱི་དམིགས་ཡུལ་དེ་ ས་གནས་ཀྱི་ སོ་ནམ་པ་ཚུ་ལུ་ འབྲས་ལུ་ལེགས་ཤོམ་མ་འཚོ་མི་དང་ ཚོང་འབྲེལ་ཚད་ཅིག་ལས་བརྒལ་མེད་པའི་ གནད་དོན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིན་པས།
ལས་འགུལ་གྱི་དམིགས་ཡུལ་དེ་ རང་བཞིན་གྱིས་འཚོ་མི་ སོ་ནམ་གྱི་ཐབས་ལམ་དང་ ཚོང་ལམ་ཡུན་བརྟན་གོང་འཕེལ་དོན་ལུ་ མདུན་ལམ་གཟང་ནི་ཚུ་ ཨིན་ཟེར་ཨིན་པས།
སོ་ནམ་ཚོང་བསྒྲགས་དང་ མཉམ་འབྲེལ་ལས་ཁུངས་དང་ ཇ་པཱན་གྱི་རྒྱལ་སྤྱི་མཉམ་འབྲེལ་ལས་ཚབ་ ཇའེ་ཀ་གཉིས་མཉམ་འབྲེལ་ཐོག་ལས་ སྤྱི་ཟླ་༩ པའི་ཚེས་༣ ལུ་ ཞབ་འཛོམས་ཀྱི་གྲོས་ཆོད་ཡིག་ཆ་གུ་ལུ་ མཚན་རྟགས་བཀོད་ནི་ཚུ་ཨིན་པས།
སོ་ནམ་ཚོང་བསྒྲགས་དང་ མཉམ་འབྲེལ་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་རྡོ་རྗེ་དང་ འབྲུག་ལུ་ཇའེ་ཀ་ཡིག་ཚང་གི་གཞུང་ཚབ་གཙོ་འཛིན་ ཏོ་མོ་ཡོ་ཀི་ཡ་མ་ད་གིས་ གྲོས་ཆོད་ཡིག་ཆ་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
འབྲུག་ལུ་ ཇའེ་ཀ་ཡིག་ཚང་གི་ ལས་འགུལ་གྲོས་དཔོན་ ཤིན་སོ་ཏོ་གིས་ བཤད་མིའི་ནང་ ལས་འགུལ་དེ་ ཇ་པཱན་གྱི་ འཕྲུལ་རིག་མཉམ་འབྲེལ་ལས་འགུལ་གྱི་ ཆ་ཤས་ཅིག་ཨིན་ཟེར་ཨིནམ་ད་ ཞལ་འཛོམས་ཀྱི་གྲོས་ཆོད་གུ་ མཚན་རྟགས་བཀོད་ཞིནམ་ལས་ གཡུས་ཚན་དེ་ ལས་འགུལ་དེ་གི་ཐོག་ལས་ རྒྱབ་སྐྱོར་འབད་ནིའི་ དམིགས་གཏད་བསྐྱེདཔ་ཨིན་ཟེར་ཨིན་པས།
ལས་འགུལ་གྱི་ གྲུབ་འབྲས་དེ་ གཙོ་བོ་ར་ སོ་ནམ་པ་ཚུ་ རང་བཞིན་ཐོན་སྐྱེད་ཡར་དྲག་བཏང་ཐོག་ལས་ ཚོང་འབྲེལ་དང་ གོང་ཚད་ལེགས་ཤོམ་ ཐོན་སྐྱེད་ཚུ་དུས་རྒྱུན་ ཐོན་སྐྱེད་འབད་ཚུགསཔ་ བཟོ་ཐོག་ལས་ སོ་ནམ་པའི་ འོང་འབབ་ཡར་སེང་འབད་ནི་དེ་ ཨིན་ཟེར་ཨིན་པས།
ཇ་པཱ་ནིསི་གི་ལས་སྡེ་དེ་གིས་ ལས་འགུལ་ལག་ལེན་འཐབ་སྟེ་ ལོ་ངོ་༢༥ གི་ཉམས་མྱོང་ཡོདཔ་ལས་ རྒྱབ་སྐྱོར་ལུ་བརྟེན་ ཕན་ཐོགས་འབྱུང་ཚུགས་ཟེར་ ཤིན་སུ་ཏོ་གིས་ བཤདཔ་ཨིན་པས།
ལས་འགུལ་དེ་ སྤྱི་ལོ་༢༠༢༧ ཟླ་༡༡ པ་ཚུན་ལུ་ ལག་ལེན་འཐབ་ནི་ཨིནམ་ལས་ དེ་གིས་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་ དང་པ་དབུལ་ཕོངས་མེདཔ་བཟོ་ནི་དང་ གཉིས་པ་ལྟོག་བཀྱེས་ཏེ་མ་ལུས་ནི་ དེ་ལས་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་གྲུབ་སྟེ་ ལཱ་ཚུ་རྩ་འགེངས་འབད་བའི་ཁར་ དཔལ་འབྱོར་འཕེལ་ཚད་ལེགས་ལྡན་བཟོ་ནི་ཚུ་ ཨིན་ཟེར་ཨིན་པས།
ལས་འགུལ་དེ་གི་ཆ་ཤས་སྦེ་ ཇ་པཱན་ལས་སྡེ་གིས་ འོད་གསལ་སྤང་ རྒྱལ་ཡོངས་རང་བཞིན་སོ་ནམ་ལྟེ་བ་དང་ མཉམ་འབྲེལ་ཐོག་ལས་ འབྲས་བུ་ལེགས་ཤོམ་མ་བཏགས་མི་ལོ་ཐོག་ཚུ་ ལེགས་བཅོས་དང་ ཡར་དྲག་གཏང་ནིའི་ དམིགས་ཡུལ་ཡོད་ཟེར་ཨིན་པས།
ལས་འགུལ་གྱི་ རྫས་སྦྱོར་མེད་པའི་ མལ་ལུད་བཟོ་བཅོས་འབད་ནིའི་ ཐབས་བྱུས་བཏོན་ནི་དང་ ལོ་ཐོག་ལེགས་ཤོམ་མ་འཚོ་མི་ཚུ་ ཐབས་ལམ་གསརཔ་བཏོན་ནི་ཨིན་ཟེར་ ཤིན་སོ་ཏོ་གིས་ བཤད་པའི་ཁར་ ས་ཆ་ལེགས་བཅོས་དང་ བཟོ་བཅོས་འབད་ཐངས་དང་ སོ་ནམ་ལཱ་གི་ མོ་བཏབ་ལས་རིམ་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
ལས་འགུལ་གྱིས་ ཚོང་འབྲེལ་གྱི་ཞིབ་འཚོལ་ཚུ་ ཐིམ་ཕུག་ལུ་འབད་ནི་ཨིནམ་ད་ ནང་འཁོད་ཀྱི་ཟ་ཆས་རིགས་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཚོང་ལམ་གྱི་ ཐབས་བྱུས་ཚུ་བཏོན་ནི་དང་ ཚོང་འབྲེལ་ཚུ་ གོ་རིམ་བཞིན་དུ་སྦེ་ འཐབ་ཚུགསཔ་བཟོ་ནི་ཨིན་ཟེར་ཨིན་པས།
སྤྱིར་བཏང་ ཐིམ་ཕུག་འདི་ ཚོང་འབྲེལ་གྱི་དམིགས་གཏད་ གཙོ་བོ་ཅིག་ཨིནམ་ད་ གཞན་ཡང་ སྤ་རོ་དང་ ཕུན་ཚོགས་གླིང་ཚུ་ནང་ རང་བཞིན་གྱི་ སོ་ནམ་ཐོན་སྐྱེད་ཚུ་ རྒྱ་སྐྱེད་འབད་དེ་ ལྷོད་ཚུགསཔ་བཟོ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement