༉ དགེ་ལེགས་ཕུག་ལུ་ ད་རེས་འཕྲལ་ཁམས་ཅིག་ཁར་ ཚོད་བསྲེ་ཚོང་ཁྲོམ་གསརཔ་ཅིག་ བཟོ་སྐྲུན་འབད་མི་གིས་ ཚོད་བསྲེ་བཙོང་མི་ཚུ་ལུ་ ན་ཐན་ར་ དགོས་མཁོ་བྱུང་སྟེ་ཡོད་མི་དེ་བསྒྲུབ་ཚུགས་ནང་དང་ ཁོང་ཆ་ཁྱབ་ཀྱི་ ཚོང་ཁྲོམ་དེ་ བསྒྲུབ་ནིའི་དོན་ལུ་ ཡུན་རིངམོ་སྦེ་ར་ བསྒུགས་ཡོདཔ་མ་ཚད་ གནམ་བྱཱར་གྱི་ དུས་ཚོད་འགོ་བཙུགས་མི་དང་འབྲེལ་ ཚོད་བསྲེ་བཙོང་མི་ཚུ་ སྦ་སྒོར་ནང་ ལཱ་ཁག་བཏང་ཡོདཔ་ཨིན་པས།
ཐོག་ཚད་གཉིས་མ་འབད་མི་ ཚོང་ཁྲོམ་དེ་ བཟོ་སྐྲུན་གྱི་ལཱ་མཇུག་བསྡུ་མ་ཚུགས་པར་ དུས་ཡོལ་ཐེངས་༣ སོང་བའི་ཤུལ་ལུ་ སྤྱི་ཟླ་༤ པའི་ཚེས་༣ ལུ་ མཇུག་བསྡུ་ཡོདཔ་ད་ དུས་ཚོད་མཇུག་དེ་ར་ སྤྱི་ལོ་༢༠༢༣ ཟླ་༩ པའི་ནང་ བཞག་ཡོདཔ་བཞིན་དུ་ ད་རེས་ ཚོང་ཁྲོམ་དེ་ དགེ་ལེགས་ཕུག་གི་ ཁྲོམ་སྡེ་ལུ་ སྤྱི་ཟླ་༤ པའི་ཚོས་༡༥ ལུ་ རྩིས་སྤྲོད་འབད་ཡོད་རུང་ ཚོང་ཁྲོམ་ལག་ལེན་དེ་ སྤྱི་ཟླ་༧ པའི་ནང་མ་གཏོགས་ འགོ་མི་བཙུགས་ནི་ཨིན་པས།
ཚོང་བསྲེ་བཙོང་མི་ཚུ་གིས་ ཁྲོམ་སྡེ་ལུ་ ད་ལྟོ་ལག་ལེན་འཐབ་བཞིན་དུ་ཡོད་པའི་ ཚོང་ཁྲོམ་དེ་ ལེགས་ཤོམ་མེད་མི་ལུ་བརྟེན་ གང་མགྱོགས་བཟོ་སྐྲུན་གྱི་ལཱ་ མཇུག་བསྡུ་དགོ་པའི་ ཨུ་ཚུགས་བསྐྱེདཔ་མ་ཚད་ ཚོང་ཁྲོམ་དེ་ནང་ ཆུ་འཇགས་པའི་ཁར་ ལྕགས་ཤོག་གི་དྲོད་ཤུགས་ཀྱིས་ ལཱ་ཁག་བཏངམ་མས་ཟེར་ ཉོགས་བཤད་བཀོད་བཞིན་དུ་ཡོདཔ་ཨིན་པས།
ཚོང་བསྲེ་བཙོང་མི་ བཅོ་ལྔ་སྒྲོལ་མ་གིས་ བཤད་མིའི་ནང་ ཁོང་གིས་ ཆརཔ་མི་འཛགས་ནིའི་དོན་ལུ་ ཆུ་ཤོག་སྤུབ་མི་ཚུ་ག་ར་ རལ་ཡར་སོ་ཡི་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཆུ་ཤོག་གསརཔ་ལོག་མ་ཉོ་མི་དེ་ཡང་ གལ་སྲིད་ བཟོ་སྐྲུན་གྱི་ལཱ་མགྱོགས་སུ་སྦེ་ མཇུག་བསྡུཝ་འདྲཝ་འབད་བ་ཅིན་ ཁོང་གི་ཆུ་ཤོག་ཚུ་ འཕྲོ་བརླགས་འགྱོ་ནི་མས་ཟེར་མནོ་སྟེ་ ཨིན་ཟེར་ཨིན་རུང་ ཁོང་གི་མནོ་དོན་དེ་ ད་ལྟོའི་བར་ན་ཡང་ འགྲུབ་མ་ཚུགས་པར་ ཡུན་རིང་སུ་ཅིག་སྦེ་ ལུས་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ ཆབ་གསང་གི་དོན་ལུ་ཡང་ ཉེ་འདབས་ལུ་ཡོད་པའི་ ཟ་ཁང་གི་ གསང་སྤྱོད་ཚུ་ ལག་ལེན་འཐབ་དགོ་པས་ཟེར་ཨིནམ་ད་ རེ་ཚེ་སྐབས་ ཟ་ཁང་ནང་ ཆབ་གསང་འགྱོ་ནི་ལུ་ཡང་ གཡང་བཟའཝ་མས་ཟེར་ཨིནམ་ལས་ དེ་གིས་ ང་བཅས་ལུ་ དཀའ་ངལ་འདུག་ཟེར་ ཚོད་བསྲེ་བཙོང་མི་ གཞན་མི་ཅིག་གིས་ བཤད་པའི་ཁར་ སྦ་སྒོར་དེ་ གཙང་སྦྲ་དང་མ་ལྡན་པའི་ཁར་ བཙོག་གཡུར་གྱི་ཆུ་བཙོག་པ་ཡོད་མི་ཚུ་ བསགས་སྡོད་ཞིནམ་ལས་ ག་ར་སྡོད་སྒར་ནང་ལས་ཕར་ ཁྱབ་སྟེ་འོངམ་མས་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ཚོང་པ་ཚུ་ ཚོང་ཁང་གསརཔ་ནང་ བཙུགས་ནིའི་དོན་ལུ་ གཞི་རྟེན་གྱི་ལཱ་ཚུ་ག་ར་ འབད་ཚར་ཡོདཔ་ད་ འཆར་གཞི་དང་འཁྲིལ་ ཚོང་པ་ཚུ་ ཚོང་ཁྲོམ་གསརཔ་ནང་ བཙུགས་ནི་ཨིན་ཟེར་ཨིན་པས།
ཚོང་ཁྲོམ་གསརཔ་ནང་ བཙུགས་ནིའི་དོན་ལུ་ ཁྲོམ་སྡེ་གིས་ ཚོང་ཁྲོམ་རྙིངམ་ནང་ཡོད་པའི་ ཚོང་པ་ཚུ་གི་མིང་ཐོ་ཚུ་ ཐོ་བཀོད་འབད་ཡོད་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
འགོ་དཔོན་གྱིས་ བཤད་མིའི་ནང་ ཁོང་གིས་ འཛིན་སྐྱོང་གོང་འཕེལ་ལམ་སྟོན་ཚུ་ ཁྱད་ཆོས་འོས་འབབ་དང་འཁྲིལ་ བཟོ་བའི་ཁར་ ཚོང་པ་ཚུ་བཙུགས་ནིའི་བྱ་རིམ་ལཱ་ཚུ་ འབད་དེ་ཡོད་ཟེར་ཨིནམ་ད་ འཛིན་སྐྱོང་ཚོགས་ཆུང་གི་དོན་ལུ་ འཐུས་མི་ཚུ་ གཞན་ཁ་ལས་ བཙུགས་ཏེ་ཡོད་ཟེར་ཨིན་པས།
གཅིག་སྒྲིལ་ཅན་གྱི་ ཚོད་བསྲེ་ཚོང་ཁྲོམ་གསརཔ་དེ་ ད་ལྟོ་ཡོད་པའི་ ཁྲོམ་གྱི་ས་ཁོངས་ལས་ མི་ཊར་དག་པ་ཅིག་གི་ ས་གནས་ནང་ཡོདཔ་ད་ དེ་ཁར་ ཁང་ཚན་ཡང་༦༤ བཟོ་ཡོད་མི་ཚུ་ནང་ རླུང་འཁོར་ཚུ་ ཚ་དྲོད་དང་བསྟུན་ བཙུགས་ཡོད་ཟེར་ཨིནམ་ད་ དེ་ཁར་ མཐུན་རྐྱེན་ཚུ་ཡང་ ཤ་ཁང་ མི་མང་གསང་སྤྱོད་ དོས་ཕབ་སྐྱེལ་འབད་ས་ལ་སོགས་པ་ཚུ་ ཚངམ་སྦེ་ཡོད་ཟེར་ཨིན་པས།
ཚོང་ཁྲོམ་བཟོ་སྐྲུན་འབད་མི་ ཁག་འབགཔ་ ཆུ་ཁ་བཟོ་སྐྲུན་ལས་སྡེ་གིས་ ལཱ་ཚུ་དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་དེ་ གཙོ་བོ་ར་ ལས་སྡེ་ནང་ ལས་མི་རིག་རྩལ་ཅན་མེད་པའི་ཁར་ ནད་ཡམས་ཀྱི་སྐབས་ལུ་ ལས་མི་ཚུ་ ལངམ་སྦེ་ཐོབ་མ་ཚུགས་མི་ལུ་བརྟེན་ ཕྱིས་ཏེ་ལུས་ཡོདཔ་ད་ གཞན་ཡང་ གནམ་བྱཱར་ཆརཔ་ཤུགས་སྦེ་ རྐྱབ་མི་དང་ བཟོ་སྐྲུན་ས་ཁོངས་ཀྱི་ རྒྱབ་ཕྱོགས་ལུ་ བཙོག་གཡུར་སྦོམ་སྦེ་ཡོད་མི་ ལཱ་འབད་ནི་ལུ་ ས་སྒོ་དོག་དྲགས་ཡོད་མི་ལུ་བརྟེན་ ལཱ་ཚུ་འབད་ནི་ལུ་ སྟབས་མ་བདེཝ་ཡོདཔ་ལས་ དུས་ཚོད་དང་བསྟུན་ མཇུག་བསྡུ་མ་ཚུགསཔ་ཨིན་པས།
ཚོང་ཁྲོམ་གྱི་ བཟོ་སྐྲུན་ལཱ་དེ་ སྤྱི་ལོ་༢༠༢༡ ཟླ་༢ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ ཚོང་ཁྲོམ་གྱི་དོན་ལུ་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་ས་ཡ་༤༤ གནས་མི་ཚུ་ རྒྱ་གར་གཞུང་གི་ ལས་འགུལ་ཆུང་བའི་ གྲོགས་རམ་མ་དངུལ་ཐོག་ལས་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement