༉ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུའི་སྐབས་ལུ་ གྲོང་གསེབ་ཀྱི་ ཚེ་སྲོག་ཉེན་བཅོལ་ ཡར་སེང་འབད་ནི་ཨིན་ཟེར་ ཁས་བླངས་འབད་མི་དེ་ལུ་ ད་ལྟོ་ དངུལ་རྩིས་ལྷན་ཁག་གིས་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ སྐྱེངས་མཁར་-ཝེ་རིང་ལའི་འཐུས་མི་ རྡོ་རྗེ་དབང་མོ་གིས་ ཚེ་སྲོག་ཉེན་བཅོལ་དེ་ གཞུང་གི་ཁ་ཐུག་ལས་ ནམ་བྱིན་ཚུགས་ག་དང་ དེ་དང་འབྲེལ་བའི་ འཆར་གཞི་ཚུ་ ག་ཅི་ར་ཡོད་ག་ཟེར་ དྲི་བཀོད་འབད་བའི་སྐབས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ལན་གསལ་སྦེ་ཞུ་ཡི།
རྩིས་བློན་གྱིས་ ཞུ་མིའི་ནང་ དངུལ་རྩིས་ལྷན་ཁག་གིས་ གྲོང་གསེབ་ཀྱི་ ཚེ་སྲོག་ཉེན་བཅོལ་དེ་ ག་དེ་སྦེ་ལག་ལེན་འཐབ་པ་ཅིན་ དྲག་འོང་ག་ཟེར་ ལྟ་བའི་བསྒང་ཡོད་རུང་ ཉེན་བཅོལ་དེ་ མ་འོངས་པར་ དངུལ་འབྲེལ་གྱི་ གནས་སྟངས་ཡར་དྲག་འགྱོཝ་ད་རྐྱངམ་གཅིག་ བྱིན་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ མི་རེ་གིས་ གཞུང་ལུ་ ཚེ་སྲོག་ཉེན་བཅོལ་ དངུལ་ཀྲམ་༨༧ དང་ ལྷག་ལུས་དེ་ གཞུང་གིས་བྱིན་ཏེ་ ཚེ་སྲོག་ཉེན་བཅོལ་དངུལ་ཀྲམ་༡༥༠,༠༠༠ལུ་ ཡར་སེང་འབད་བ་ཅིན་ ལོ་བསྟར་དངུལ་ཀྲམ་ས་ཡ་༦༠༠འབདཝ་ད་ ལོ་༥ འི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།
གྲོང་གསེབ་རྐྱངམ་གཅིག་ལུ་དམིགས་ཏེ་ ཁས་བླངས་འབད་ཡོདཔ་བཞིན་དུ་ ཉེན་བཅོལ་དེ་ གྲོང་གསེབ་རྐྱངམ་གཅིག་དང་ ཡང་ཅིན་ གཞན་ག་ར་ལུ་ བྱིན་ནི་ཨིན་ནའི་ ཞིབ་འཚོལ་འབད་བའི་བསྒིང་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།
འཐུས་མི་ རྡོ་རྗེ་དབང་མོ་གིས་ ཞུ་མིའི་ནང་ ད་རེས་ནངས་པ་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ དངུལ་ཀྲམ་༣༠,༠༠༠ རེ་ ཐོབ་སྲོལ་ཡོད་མི་དེ་ ལོ་༧ གྱི་ཧེ་མར་ བསྐྱར་ཞིབ་ཡོདཔ་ད་ དེ་གིས་ ཤིན་པོ་ཚུ་ལུ་ དགེ་བ་འབད་ནི་ཕར་བཞག་ མེ་སྦྱང་འབད་ནི་གི་ ཟད་འགྲོ་ཡང མ་ལང་པའི་ དཀའ་ངལ་ཐོན་ཏེ་ འདུག་ཟེར་ཨིན་པས།
མི་སེར་ཉམས་ཆུང་ ལ་ལོ་ཅིག་ གཤིན་པོའི་དོན་ལུ་ དགེ་བ་དགེ་རྩ་འབད་ནིའི་དོན་ལས་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་དགོཔ་བྱུང་སྟེ་ སྐྱིན་ཚབ་བཏབ་མ་ཚུགས་པའི་ གདོང་ལེན་ཚུ་ཡང་ བྱུང་སྟེ་ཡོདཔ་ད་ འཐུས་མི་གིས་ ཞུ་ཡི།
བཙག་འཐུའི་སྐབས་ གཞུང་དང་ ལྡོག་ཕྱོགས་ཚོགས་པ་༢ ཆ་ར་གིས་ མི་ངོམ་རེ་གིས་ ལོ་བསྟར་ཚེ་སྲོག་ཉེན་བཅོལ་དེ་ ཧེ་མ་བཟུམ་སྦེ་ དངུལ་ཀྲམ་༨༧ སྦེ་ བཏབ་བཅུག་སྟེ་ ཉེན་བཅོལ་ཐོབ་ཐངས་དངུལ་ཀྲམ་༣༠,༠༠༠ ལས་ དངུལ་ཀྲམ་༡༥༠,༠༠༠ ལུ་ ཡར་སེང་འབད་ནི་ཨིན་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
འཐུས་མི་གིས་ ཞུ་མིའི་ནང་ རྩིས་ལོ་༢༠༢༣-༢༤ ཚུན་གྱི་ འཆར་དངུལ་ནང་ གྲོང་གསེབ་ཀྱི་ ཚེ་སྲོག་ཉེན་བཅོལ་གྱི་ གྲོགས་རམ་དོན་ལུ་ འཐུས་དངུལ་ཀྲམ་ས་ཡ་༦༧.༧༣༠ དང་ རྩིས་ལོ་༢༠༢༤-༢༤ གི་ འཆར་དངུལ་སྙན་ཞུ་ནང་ཡང་ ཚེ་སྲོག་ཉེན་བཅོལ་བྱིན་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༦༩ དེ་ཅིག་བརྒལ་ བགོ་བཀྲམ་འབད་མི་ལུ་བལྟ་བ་ཅིན་ ཚེ་སྲོག་ཉེན་བཅོལ་དེ་ ཡར་སེང་འབད་ནི་ མེནམ་བཟུམ་སྦེ་ མཐོང་ཡི་ཟེར་ཨིན་པས།
མོ་གིས་ ཞུ་མིའི་ནང་ ཚེ་སྲོག་ཉེན་བཅོལ་ ཡར་སེང་འབད་ནིའི་ཁས་བླངས་འབད་དེ་ བཙག་འཐུ་འབད་བའི་ཤུལ་ལས་ ཁས་བླངས་འགྲུབ་མ་ཚུགས་པ་ཅིན་ མི་སེར་ཚུ་གིས་ བློ་གཏད་མ་ཚུགསཔ་ འགྱོ་ནི་མས་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཞུ་མིའི་ནང་ ནད་ཡམས་ལུ་བརྟེན་ དཔལ་འབྱོར་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་མི་ལུ་བརྟེན་ གཞུང་གི་ཁ་ཐུག་ལས་ བསྐྱར་བཟོ་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་བུ་ལོན་དང་ འཆར་དངུལ་རྩིས་ཆད་ཡང་ ཧེ་བ་ལྷགཔ་སྦེ་ ཡར་སེང་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ འཆར་གཞི་༡༣ པ་དང་ ཡུན་རིང་དམིགས་ཡུལ་འགྲུབ་ཐབས་ལུ་ དངུལ་འབྲེལ་གྱི་ སྲིད་བྱུས་ཚུ་ དུས་མཉམ་བཟོ་ནིའི་དོན་ལུ་ གཞུང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ ལཱ་འབད་དོ་ཟེར་ཨིན་པས།
དངུལ་རྩིས་བློན་པོ་གིས་ ཞུ་མིའི་ནང་ འཆར་དངུལ་དེ་ ཚད་གཅིག་ལས་བརྒལ་མེདཔ་ལས་ ད་ལྟོའི་གཞུང་གིས་ ཚེ་སྲོག་ཉེན་བཅོལ་བྱིན་པ་ཅིན་ ལས་སྣ་སོ་སོར་ལས་ མ་དངུལ་ཚུ་ བཏོག་དགོཔ་འབྱུང་ནི་མས་ཟེར་ཨིན་པས།
དེ་འབདཝ་ལས་ དཔལ་འབྱོར་གྱི་ གནས་སྟངས་ལེགས་ཤོམ་འགྱོ་བ་ཅན་རྐྱངམ་གཅིག་ ཚེ་སྲོག་་ཉེན་བཅོལ་ བྱིན་ཚུགས་ནི་བཟུམ་སྦེ་ མཐོངམ་མས་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement