༉ སྤྱི་ཟླ་༩ པའི་ཚེས་༢ ལས་ འགོ་བཙུགས་ཏེ་ རྒྱལ་ཁབ་ཀྱི་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་དོན་ལུ་ ཞུ་ཡིག་ལེན་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ ཞུ་ཡིག་བཙུགས་མི་ཚུ་གིས་ བསྐྱར་ཞིབ་ཀྱི་བྱ་རིམ་དང་ འོས་འབབ་ཀྱི་ཁྱད་ཚད་ཚུ་ དམ་དམ་སྦེ་བཟོ་དགོཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་ལས་རིམ་རྩོལ་སྒྲུབ་ཀྱིས་ དངུལ་འབྲེལ་དང་ སྐྱེད་ཆུང་ དེ་ལས་ གཏའམ་མེད་པའི་ རྒྱབ་སྐྱོར་འབད་ནི་ ཁས་ལེན་འབད་མི་དེ་ཡང་ དཔལ་འབྱོར་ལོག་ཡར་དྲག་གཏང་ཐབས་ལུ་ཨིན་པས།
ཞུ་ཡིག་ཚུ་ཡང་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༢༡ གི་ནང་འཁོད་ལུ་ བཙུགས་དགོཔ་ཨིན་པས།
འབྲུག་གི་དངུལ་འབྲེལ་ཁང་གི་ ཚོགས་སྡེའི་ཁྲི་འཛིན་ འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་ རྡོ་རྗེ་ཀ་དིམ་གྱི་ སླབ་མིའི་ནང་ ཚོང་འབྲེལ་འོས་འབབ་དང་ འོང་འབབ་ཐོན་ཁུངས་ དེ་ལས་ སྐྱིན་ཚབ་བཏབ་ཚུགས་མི་ཚུགས་ བལྟ་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་ཚུ་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ ཚད་གཞི་དམ་སྒྲིང་བཟོ་འོང་ཟེར་ཨིན་པས།
མ་རྩ་གཞི་བཙུགས་སྦོམ་འབད་མི་དང་ ཁ་སྐོང་གནད་དོན་ རྒྱུ་ཆས་ཐོབ་སྤྱོད་དང་ ཐབས་རིག་མཁས་མཆོག་ འཛིན་སྐྱོང་སྡེ་ཚན་ དེ་ལས་ ཚོང་ལམ་གྱི་ གོ་སྐབས་ཚུ་ ལེགས་ཤོམ་སྦེ་ བདེན་དཔྱད་འབད་ནི་ཨིནམ་ད་ བཟོ་གྲྭ་གི་ གྲོས་འཆར་ནང་ རྒྱུ་ཆས་ཀྱི་ཟད་འགྲོ་དེ་ དབྱེ་ཞིབ་འབད་ནི་གི་ ཆ་ཤས་གཙོ་ཅན་ཨིན་ཟེར་ ཚོགས་སྡེའི་ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
དབྱེ་ཞིབ་འབད་ནི་ དུས་ཚོད་དེ་ ལས་འགུལ་དང་འཁྲིལ་ཏེ་ འགྱོ་ནི་ཨིནམ་ད་ སྐྱིན་འགྲུལ་ཆུང་ཀུ་ཚུ་ཨིན་པ་ཅིན་ དངུལ་འབྲེལ་གྱི་རྩིས་བཤད་ ཁེ་སང་དང་ རྒུད་ཀྱི་རྩིས་ཁྲ་དང་ རྩིས་ཤོག་ལ་སོགས་པ་ཚུ་ ཚངམ་སྦེ་ཡོད་པ་ཅིན་ ཉིནམ་༢ དང་༣ གྱི་བར་ན་ བྱ་སྒོ་འབད་ཚུགས་ནི་ཨིན་པས།
དཔལ་འབྱོར་ལྷན་ཐབས་ལས་རིམ་རྩོལ་སྒྲུབ་ནང་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ དངུལ་ཀྲམ་ཐེར་འབུམ་༥ བགོ་བཀྲམ་འབད་མི་ཚུ་ཡང་ རྒྱབ་སྐྱོར་ས་གོ་༢ སྦེ་ དབྱེ་སྟེ་ཡོདཔ་ད་ དབྱེ་ཁག་དང་པའི་ནང་ སྐྱེད་ཕབ་ཆག་ནང་ དངུལ་ཀྲམ་ཐེར་འབུམ་༣.༣ དང་ དཔལ་འབྱོར་བསྐྱར་གསོའི་ མ་དངུལ་རྒྱབ་སྐྱོར་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢ ཡོདཔ་ཨིན་པས།
མ་དངུལ་ཚུ་ཡང་ འབྲུག་གི་དངུལ་ཁང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ འབྲུག་གོང་འཕེལ་དངུལ་ཁང་ བཀྲིས་དངུལ་ འབྲུག་པཱན་ཇབ་དངུལ་ཁང་ དེ་ལས་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་ཟུར་ཕོག་དང་འཚོ་རྟེན་མ་དངུལ་ལས་ འཐོབ་ཚུགས་ནི་ཨིན་པས།
སྐྱིན་འགྲུལ་ཕབ་ཆའི་ ལས་རིམ་འོག་ལུ་ ལས་འགུལ་གྱིས་ ངོས་འཛིན་ཅན་གྱི་ ལས་སྡེ་ནང་ ཚོང་འབྲེལ་གསརཔ་དང་ རྒྱ་སྐྱེད་ནང་ རྒྱབ་སྐྱོར་འབད་ནི་ཨིནམ་ད་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ དཔལ་འབྱོར་ལས་སྣ་དང་ ཕྱི་དངུལ་ཟུར་གསོག་ བཟོ་གྲྭ་ བཟའ་འཐུང་བྱ་སྒོ་ཚུ་ནང་ ཕན་གྲོགས་འབད་མི་ ལས་འགུལ་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
ལས་འགུལ་དེ་གི་འོག་ལུ་ སྐྱིན་འགྲུལ་ཡང་ སྐྱེད་བརྒྱ་ཆ་༤ དང་ གཏའ་མ་བཙུགས་མ་དགོ་པར་ དངུལ་ཀྲམ་ས་ཡ་༡ ཚུན་ འཐོབ་ཚུགས་ནི་དང་ སྐྱིན་འགྲུལ་ས་ཡ་༡ ལས་༡༠ཚུན་ཚུ་འབད་བ་ཅིན་ གཏའ་མ་ཚུ་ཡང་ ལས་འགུལ་གྱི་ འཕྲུལ་ཆས་ཚུ་ བཙུགས་དགོ་ནི་ཨིན་པས།
རྡོ་རྗེ་ཀ་དིམ་གྱིས་ སླབ་མིའི་ནང་ ལས་འགུལ་གྱི་ ཉེན་བཅོལ་མ་རྩ་གཞི་དེ་ ལས་འགུལ་གྱི་ཟད་འགྲོ་སྦེ་ བཙུགས་ཏེ་ཡོདཔ་ལས་ སྐྱིན་འགྲུལ་བྱིན་མི་དང་ ལེན་མི་༢ ཆ་ར་ ཉེན་སྐྱོབ་འབད་ཚུགས་ནི་ཨིནམ་ད་ སྐྱིན་ཚབ་བཏབ་ནི་ དུས་ཚོད་དེ་ དངུལ་འབྲེལ་གཙུག་སྡེ་ཚུ་དང་འཁྲིལ་ འགྱོ་འོང་ཟེར་ཨིན་པས།
སོ་ནམ་དང་ སྒོ་ནོར་ལས་ལས་སྡེ་ཚུ་གིས་ སྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༡ ཚུན་ འཐོབ་ཚུགས་ནི་ཨིནམ་བཞིན་དུ་ ལས་སྡེ་དེ་ཚུ་གི་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༥༠༠བགོ་བཀྲམ་འབད་དེ་ ཡོདཔ་ཨིན་པས།
དེ་ནང་ ལོ་ཐོག་འཛུགས་སྐྱོང་དང་ བྱ་དང་ཕགཔ་གསོ་སྐྱོང་ ནོར་དང་སེམས་ཅན་གཞན་གསོ་ནི་ ཟུར་འབྲེལ་སོ་ནམ་ སོ་ནམ་མཐུན་རྐྱེན་དང་འཕྲུལ་ཆས་ དེ་ལས་ ཨོམ་ཆས་ཁང་ཚུ་ ཚུདཔ་ཨིན་པས།
ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཐོན་སྐྱེད་ལུ་ ཚོང་འབྲེལ་གསརཔ་དང་ གློག་བརྙན་བཟོ་སྐྲུན་ཚུ་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡༠ཐོབ་ཚུགས་ནི་དང་ ཚོང་འབྲེལ་གཞི་བཙུགས་ཀྱི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༣༠༠དང་ གློག་བརྙན་ལས་སྡེ་ལུ་ འཆར་དངུལ་དངུལ་ཀྲམ་ས་ཡ་༢༠༠བགོ་བཀྲམ་འབད་ནུག
ཨིན་རུང་ ཞབས་ཏོག་དང་ བཟོ་སྐྲུན་ ས་གཏེར་ དེ་ལས་ གཞི་རིམ་སོ་ནམ་ཚུ་གིས་ མ་དངུལ་དེ་ཚུ་ འཐོབ་མི་ཚུགས་ནི་ཨིན་པས།
བཟོ་སྐྲུན་བར་མའི་ ལས་འགུལ་ཚུ་གིས་ སྐྱིན་འགྲུལ་ས་ཡ་༡༠དང་༡༠༠བར་ན་ ཐོབ་ཚུགས་ནི་དང་ མ་དངུལ་ནང་ ཞབས་ཏོག་དང་ བཟོ་སྐྲུན་ ས་གཏེར་ དེ་ལས་ སོ་ནམ་ཐོན་སྐྱེད་ལས་སྡེ་ཚུ་ མི་ཚུད་ནི་ཨིནམ་ད་ ལས་སྡེ་ཚུ་གི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༡.༨ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དཔལ་འབྱོར་བསྐྱར་གསོའི་ མ་དངུལ་ནང་ ཐབས་ལམ་༢ ཡོདཔ་བཞིན་དུ་ ཐབས་ལམ་དང་པའི་ནང་ ཚོང་འབྲེལ་གྱི་ རྒྱབ་སྐྱོར་མ་དངུལ་འོག་ལུ་ སྐྱིན་འགྲུལ་བྱིན་ནིའི་ ཐབས་ལམ་༢ ཡོད་མི་ཚུ་ཡང་ སྐྱེད་ཕབ་ཆ་བྱིན་ནི་ཨིནམ་ད་ དེ་ནང་ ལོ་༣ གྱི་རིང་ ཚོང་འབྲེལ་པ་ཚུ་གིས་ སྐྱིན་ཚབ་བཏབ་མ་ཚར་མི་ལུ་ སྐྱེད་བརྒྱ་ཆ་༤ གཞུང་གིས་བཏབ་ནི་ཨིན་རུང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིན་འགྲུལ་བརྒྱ་ཆ་༤ སྦེ་ འཐོབ་ཚུགས་ནི་ཨིན་པས།
དངུལ་ཁང་ཚུ་གི་ སྐྱིན་འགྲུལ་གྱི་སྐྱེད་དེ་ བརྒྱ་ཆ་༡༠ ཨིན་པ་ཅིན་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱེད་བརྒྱ་ཆ་༦ ལས་བརྒལ་ བཏབ་དགོཔ་མི་བྱུང་ནི་དེ་ཡང་ བརྒྱ་ཆ་༤ དེ་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ ལམ་ལུགས་ལས་ ཕབ་ཆ་བྱིན་ནི་ཨིན་པས།
ཐབས་ལམ་༢ པའི་ནང་ ལོ་༣ གྱི་རིང་ ལོ་བསྟར་སྐྱེད་ཕབ་ཆ་༤ ཐོག་ལུ་ སྐྱིན་འགྲུལ་གསརཔ་ཐོབ་ཚུགས་ནི་དང་ སྐྱིན་འགྲུལ་ལེན་མི་གིས་ ཚད་གཞི་ཚུ་གི་ཁྱད་པར་གྱི་ འགན་ཁྲི་འབག་དགོཔ་ཨིན་པས།
ཁྱིམ་བཟོ་དང་ རང་ཉིད་སྐྱེལ་འདྲེན་ ཚོང་འབྲེལ་(ནང་འདྲེན་དང་འབྲེལ་བའི་ཚོང་འབྲེལ) རང་སོའི་སྐྱིན་འགྲུལ་(དངུལ་བྱང་དང་ ཤེས་རིག་ དུས་ཡུན་འབྲེལ་བའི་བཙུགས་བཞག་ བགོ་བཤའ་) ལས་བྱེད་མཐུན་རྐྱེན་ དེ་ལས་ ཟ་ཁང་དང་ལྟ་བཤལ་ལས་སྡེ་ཚུ་གིས་ མ་དངུལ་འཐོབ་ནིའི་ འོས་འབབ་མེད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement