བཀྲིས་ཕུན་ཚོགས།

༉ ཚོང་ལཱ་འབད་མི་ཚུ་གིས་ གཞུང་ལུ་ སྲིད་བྱུས་གཞི་སྒྱུར་འབད་དགོཔ་སྦེ་ སླབ་མི་དེ་ ཚོང་ཉོ་མི་ཉུང་སུ་ལས་བརྒལ་མེད་པའི་ཁར་ ཚོང་རྐྱབ་ནིའི་ དམིགས་བསལ་ས་གོའི་གདོང་ལེན་བྱུང་མི་དེ་གིས་ ཡར་དྲག་འགྱོ་ནི་ལུ་ གནོད་སྐྱོན་རྐྱབ་པའི་ཁར་ བར་ཆད་རྐྱབ་མི་ལུ་བརྟེན་ཨིན་པས།

ཚོང་ལཱ་འབད་མི་ མི་སྡེ་ལྟེ་བ་༩ དང་ ཤར་ཕྱོགས་རྫོང་ཁག་ དེ་ལས་ ཕུན་ཚོགས་གླིང་གི་ ཚོང་འབྲེལ་འཐབ་མི་ཚུ་དང་གཅིག་ཁར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ སྔོ་ལྗང་སྒྱུར་བཅོས་མཉམ་འབྲེལ་ལས་འགུལ་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་དང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ གནད་དོན་ཚུ་གི་ཐོག་ལུ་ གསུང་གྲོས་གནང་ཡོདཔ་ཨིན་པས།

ཚོང་འབྲེལ་འབད་མི་ཚུ་གིས་ བཀོད་མིའི་ནང་ རྫོང་ཁག་ལྟེ་བ་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཁེ་ཕན་ཅན་གྱི་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ འཆར་གཞི་ལས་སྣ་ཚུ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ དེ་འཕྲོ་ལས་ར་ བསམ་གྲུབ་ལྗོངས་མཁར་དང་ ངང་ལམ་ཁྲོམ་གྱི་ ས་མཚམས་སྒོ་ར་ལུ་ ལྟ་བཤལཔ་ཚུ་གི་ འཐོན་འཛུལ་སྒོ་ར་ གཞི་བཙུགས་འབད་དགོ་པའི་ཁར་ ནང་འཁོད་གནམ་གྲུའི་གཞི་རྟེན་མཐུན་རྐྱེན་ཚུ་ཡང་ གཞི་བཙུགས་དགོཔ་འདུག་ཟེར་ཨིན་པས།

དེ་སྦེ་ གནམ་གྲུའི་གཞི་རྟེན་མཐུན་རྐྱེན་ཚུ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གཞི་བཙུགས་ཚུགས་པ་ཅིན་ ནང་འཁོད་ཀྱི་མི་སེར་ལུ་ ཕན་ཐོགས་ཚུགས་པའི་ཁར་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ལུ་ཡང་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་པའི་འོས་འབབ་ཡོད་ཟེར་ཨིན་པས།

ཚོང་པའི་ངོ་ཚབ་ཚུ་གིས་ སླབ་མིའི་ནང་ གཙོ་བོ་ར་ སྲིད་བྱུས་གཞི་སྒྱུར་འབད་བ་ཅིན་ ལྟ་བཤལ་ལས་སྡེ་གི་དོན་ལུ་ གཞི་རྟེན་མཁོ་ཆས་དང་ མ་རྩ་གཞི་བཙུགས་འབད་མི་ ལེ་ཤ་ཅིག་གིས་ སྤྲོ་བ་བསྐྱེད་ནི་མས་ཟེར་ཨིན་པས།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ སྔོ་ལྗང་སྒྱུར་བཅོས་མཉམ་འབྲེལ་ལས་འགུལ་གྱིས་ གནས་ཚུལ་གསར་བཏོན་མི་དང་འཁྲིལཝ་ད་ སྲིད་བྱུས་བཟོ་མི་ཚུ་གིས་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ ཉེར་མཁོའི་མཐུན་རྐྱེན་ཚུ་ མེདཔ་སྦེ་ ཁུངས་བཀལ་ནི་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ སྲིད་བྱུས་ནང་ཡང་ ལུང་ཕྱོགས་ས་ཁོངས་ཚུ་ནང་ ལྟ་བཤལ་ལས་སྡེ་སྒྲིང་སྒྲི་དང་ གོང་འཕེལ་གཏང་ཐབས་ཀྱི་ སྲིད་བྱུས་མེདཔ་ལས་ གྲུབ་འབྲས་ལེགས་ཤོམ་ཅིག་ ཐོན་མ་ཚུགས་པས་ཟེར་ཨིན་པས།

གལ་སྲིད་ ལྟ་བཤལ་སྲིད་བྱུས་ནང་ ག་ཅི་ར་ གཞི་སྒྱུར་འབད་རུང་ རྫོང་ཁག་བདག་སྐྱོང་གིས་ ལྟ་བཤལ་གོང་འཕེལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་དགོཔ་ཨིན་ཟེར་ཨིན་པས།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ སྔོ་ལྗང་བསྒྱུར་བཅོས་བསམ་འབྲེལ་ལས་འགུལ་༢ ཀྱིས་ ལྟ་བཤལ་གོང་འཕེལ་གཏང་ནིའི་ས་གོ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གཞན་དང་མ་འདྲ་བའི་ཁར་ ཧེ་མ་ལས་ ལྟ་བཤལ་འཛིན་སྐྱོང་དང་ བདག་སྐྱོང་ འགོ་འདྲེན་འཐབ་པའི་ཉམས་མྱོང་ཚུ་ལས་འབད་རུང་ འོས་འབབ་ལྡན་ཏོག་ཏོ་ཡོདཔ་ལས་ གོ་སྐབས་སྦོམ་འདུག་ཟེར་ གནས་ཚུལ་སྙན་ཞུ་ནང་ གསལ་སྟོན་འབད་ཡོདཔ་ཨིན་པས།

ཨིན་རུང་ ལྟ་བཤལ་ལས་སྡེ་གོང་འཕེལ་གཏང་ཐབས་ལུ་ དམིགས་བསལ་དུ་ ཚོགས་སྡེ་དང་ མི་སྡེ་༢ འབྲེལ་མཐུན་སྦེ་ བཅའ་མར་གཏོགས་ཞིནམ་ལས་ གྲོས་ཐག་བཅད་དགོཔ་གལ་ཅན་ཨིན་པས།

གོང་འཕེལ་གཏང་ཐབས་ཀྱི་ སྲིད་བྱུས་མེད་མི་དང་ ལྟ་བཤལ་ལས་ལྷག་པའི་གཞན་མེདཔ་ལས་ ད་རེས་ནངས་པར་ གྲོང་གསེབ་ལས་ ཁྲོམ་ཁར་ གནས་སྤོ་བའི་གདོང་ལེན་དང་ མི་སྡེ་ནང་ ལས་མིའི་མེད་པའི་དཀའ་ངལ་ཚུ་ ཐོན་ནུག་ཟེར་ སྙན་ཞུ་ནང་ བཀོད་ཡོདཔ་ཨིན་པས།

ཚོང་པའི་ངོ་ཚབ་ཚུ་གིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ དཀའ་ངལ་གཙོ་བོ་ར་ ཁྲོམ་སྡེའི་སྲིད་བྱུས་དེ་གིས་ ཚོང་པ་ཚུ་ལུ་ ཁེ་ཕན་ཅན་སྦེ་ འབྱུང་མ་ཚུགས་མི་དེ་ ཚོང་རྐྱབ་སའི་ས་གོ་དང་ དུས་ཡུན་རིངམོ་སྦེ་ རྐྱབ་ཆོག་པའི་ སྲིད་བྱུས་ཚུ་ མིན་འདུག་ཟེར་ཨིན་པས།

དེ་འབདཝ་ལས་ ཚོང་པ་ཚུ་གིས་ གཞུང་ལུ་ སྒེར་སྡེའི་ཚོང་པ་དང་ ཚོང་ལས་ཆུང་བའི་མི་སེར་ཚུ་ལུ་ ཁེ་ཕན་འབྱུང་ཚུགས་པའི་ ས་གོ་ཚུ་ ཁྲོམ་སྡེ་ནང་ བྱིན་དགོཔ་ཡོདཔ་ལས་ སྲིད་བྱུས་གཞི་སྒྱུར་འབད་དགོཔ་དང་ གཞན་མི་ཚ་གྱང་དེ་ ད་ལྟོ་ཡོད་པའི་ ལམ་ལུགས་དང་འཁྲིལ་ ངེས་པར་དུ་ ཁྲོམ་སྡེ་འཐུས་མི་གདམ་ཁ་རྐྱབ་དགོ་མི་དེ་ཨིན་ཟེར་ཨིན་པས།

ད་ལྟོའི་གནས་སྟངས་ནང་ ཁྲོམ་སྡེ་འཐུས་མི་དེ་ཡང་ ཚོང་པ་ཚུ་གིས་ ཚོང་རྐྱབ་པའི་ ཉམས་མྱོང་ཡོད་མི་ལུ་ བྱིན་པའི་ཤུལ་ འགོ་མང་གཞུང་ལུགས་ལྕོགས་གྲུབ་མེད་མི་དང་ ཚོང་པའི་དགོས་མཁོ་འབྲེལ་བ་མེདཔ་ལས་ ཚ་གྱང་ཡོད་ཟེར་བཀོད་ནུག།

དེ་བཟུམ་སྦེ་ ཚ་གྱང་གཞན་ཡང་ དངུལ་འབྲེལ་ཡར་དྲག་གཏང་དགོ་པའི་ཁར་ མི་སྡེ་ལས་ཚོགས་ཚུ་ དོན་སྨིན་ཅན་སྦེ་ འགོ་འདྲེན་འཐབ་མ་ཚུགས་མི་ཚུ་ཡོདཔ་ལས་ མི་སྡེ་ལས་ཚོགས་གོང་འཕེལ་འགྱོ་ནིའི་དོན་ལས་ མི་སྡེ་ལས་ཚོགས་ཀྱི་ སྲིད་བྱུས་དང་ སྒྲིག་གཞི་ཚུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།

འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱིས་ ཐད་ཀར་དུ་ སིལ་ཚོང་རྐྱབ་མི་ ཚོང་ལས་ཆུང་བ་ཚུ་དང་ དོ་འགྲན་འབད་བའི་དཀའ་ངལ་འདུག་ཟེར་ ཚོང་པའི་ངོ་ཚབ་ཚུ་གིས་ སླབ་ཡོདཔ་མ་ཚད་ ད་ལས་ཕར་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱིས་ སིལ་ཚོང་རྐྱབ་མི་ཚུ་དང་ དོ་འགྲན་འབད་ནི་མེན་པར་ ས་གནས་ག་ཏེ་འབད་རུང་ སྦུང་ཚོང་རྐྱབ་མི་སྦེ་ ཞབས་ཏོག་སྤྲོད་དགོཔ་གལ་ཆེ་བས་ཟེར་ ཨིན་པས།

རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ འཕྲུལ་ཆས་དང་ སྣུམ་འཁོར་གྱི་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་ཁར་ བྱུག་སྣུམ་དབུར་ནིའི་རིགས་ མཁོ་ཆས་གཞན་ དེ་ལས་ གཞན་ཅ་ཆས་ཚུ་ ཁྲོམ་ཚོང་ཚུ་ནང་ ནང་འདྲེན་འབད་ཞིནམ་ལས་ བཀྲམ་སྤེལ་འབད་སར་ མཐོང་ཚུགས་པས་ཟེར་ཨིན་པས།

གཞུང་གིས་ ས་མཚམས་ཁྲོམ་ནང་ གདོང་ལེན་གྱི་གནད་དོན་ཚུ་ སེལ་དགོཔ་གལ་ཆེ་བས་ཟེར་ཨིནམ་ད་ དེ་ཡང་ འབྲུག་གི་ཚོང་རྐྱབ་མི་ཚུ་ལུ་ ཐད་ཀར་དུ་ འབྲེལ་མཐུན་འབད་དེ་ ཚོང་རྐྱབ་དོ་ཡོདཔ་ལས་ དེ་གིས་སྦེ་ རྒྱལ་ཁབ་ཀྱི་སྲིད་བྱུས་དེ་ ཕན་ནུས་མིན་འདུག་ཟེར་ཨིན་པས།

ལྷག་པར་དུ་ ཚོང་པ་ཚུ་གིས་ བཟོ་གྲྭ་འཕྲུལ་ཁང་གི་ ཉེ་འདབས་ཚུ་ནང་ གློག་མེ་ཆུང་བ་དང་ སླར་འབྱུང་ཐོན་སྐྱེད་ལས་སྣ་ལུ་ མ་རྩ་གཞི་བཙུགས་འབད་ནིའི་གོ་སྐབས་ བྱིན་པ་ཅིན་ སྤུས་ཚད་ཅན་དང་ ཡུན་བརྟན་གྱི་ གློག་མེ་བཀྲམ་སྤེལ་འབད་ཚུགས་པའི་ཁར་ ནང་འཁོད་བཟོ་གྲྭ་འཕྲུལ་ཁང་དེ་ ཡུན་བརྟན་གནས་ཚུགས་ཟེར་ཨིན་པས།

ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ གློག་མེའི་ཞབས་ཏོག་ཚུ་ སྤུས་ཚད་ཅན་སྦེ་ ཐོབ་མ་ཚུགསཔ་ལས་ ཐོན་སྐྱེད་འབད་ནི་དང་ འོང་འབབ་ལུ་ ཐོ་ཕོག་སྟེ་འདུག་ཟེར་ཨིན་པས།

ཕྱིར་ཚོང་འབད་མི་ཚུ་གིས་ བཀོད་མིའི་ནང་ འབྲུག་ལས་ བང་ལ་དེཤ་ལུ་ ཕྱིར་ཚོང་འབད་ནིའི་གཞུང་ལམ་དེ་ ཡར་དྲག་གཏང་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ སྐྱ་ནམ་གྱི་ཁྲལ་ཕོག་མི་དང་ མ་ཕོག་མི་ཚུ་ལུ་ཡང་ ཁྲལ་བཀོད་དོ་ཡོད་མི་གིས་ ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།

ཚོང་འབྲེལ་གྱི་ གཞི་རྟེན་མཐུན་རྐྱེན་ཞབས་ཏོག་ཚུ་ གཞི་བསྒྱུར་འབད་བ་ཅིན་ འབྲུག་གི་ ཕྱིར་ཚོང་ལས་སྡེ་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

ཚོང་པ་ཚུ་གིས་ སླབ་མིའི་ནང་ གཞུང་གིས་ སྐྱིན་འགྲུལ་བཏབ་ནིའི་དུས་ཡུན་དེ་ ལོ་༣ ལས་༥ ཚུན་ ཕར་འགྱངས་འབད་གནང་པ་ཅིན་ དེ་གིས་སྦེ་ དངུལ་འབྲེལ་གྱི་དཀའ་ངལ་ཚུ་ བསལ་ཚུགས་ནི་མེད་ཟེར་ཨིན་པས།

དེ་ཡང་ ཤར་ཕྱོགས་རྫོང་ཁག་དང་ ལྟེ་བའི་ཚུ་ནང་ ཚོང་རྐྱབ་སྡོད་མི་ཚུ་ལུ་ སྤྱི་ལོ་༢༠༡༩ འི་ ནད་ཡམས་ཀོ་བིཌ་-༡༩ གི་འབྱེམ་ཕོག་མི་དེ་ ད་ལྟོའི་བར་ན་ཡང་ བསལ་མ་ཚུགས་པར་ཡོད་མི་ལུ་བརྟེན་ཨིན་པས།

ཕུན་ཚོགས་གླིང་གི་ཚོང་པ་ཚུ་གིས་ དཀའ་ངལ་གྱི་གནད་དོན་ཚུ་ ལོགས་སུ་སྦེ་ བློན་ཆེན་མཆོག་ལུ་ གྲོས་འཆར་ཕུལ་ནི་ཨིན་པས།

གྲོས་བསྟུན་ཞལ་འཛོམས་འཚོགས་ཚུགས་མི་དེ་ ཡུ་རོ་པི་ཡན་ ཡུ་ནི་འོན་དང་ འབྲུག་ལག་བཟོ་ལས་ཚོགས་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ རྒྱབ་སྐྱོར་འབད་མི་དེ་ གཙོ་བོ་ར་ དཔལ་འབྱོར་གོང་འཕེལ་གཏང་ཐབས་དང་ དཔལ་འབྱོར་བརྟན་ཏོག་ཏོ་སྦེ་ འོང་ནིའི་དོན་ལུ་ཨིན་པའི་གནས་ཚུལ།

 

Advertisement