༉ སྤུ་ན་ཁ་ དཀར་སྦྱིས་མཆོད་རྟེན་སྙིང་པོ་ལུ་ དུས་རབས་༡༨ པའི་ནང་ བཞེངས་ཡོད་པའི་ རྒྱུ་ཤིང་ལས་བསྒྲུབས་པའི་མཆོད་རྟེན་ཚུ་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ཉམས་གསོ་ཞུ་ཡོདཔ་ཨིན་པས།
ཉམས་གསོ་ལས་འགུལ་གྱི་དོན་ལུ་ རྒྱབ་སྐྱོར་མ་དངུལ་དེ་ རྒྱལ་ཡུམ་དགེ་ཚོགས་བློ་གཏད་མ་དངུལ་གྱི་འོག་ལུ་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ གནང་ཡོདཔ་ཨིན་པས།
ལས་འགུལ་དེ་ ན་ཧིང་ སྤྱི་ཟླ་༤ པ་ལས་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ད་ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ ཡོངས་སུ་རྫོགསཔ་སྦེ་ བསྒྲུབས་ཡོདཔ་བཞིན་དུ་ ཉམས་གསོའི་དོན་ལུ་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢.༥ གནས་ཡོདཔ་ཨིན་པས།
མཆོད་རྟེན་ཉམས་གསོ་ཞུ་བསྒྲུབས་པའི་ བཀྲིས་རབ་གནས་དེ་ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ གནང་ཡོདཔ་ཨིན་པས།
བཀྲིས་རབ་གནས་ཀྱི་སྐབས་ལུ་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲསམོ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་ ནང་སྲིད་ལྷན་ཁག་གི བློན་པོ་ཚེ་རིང་ དེ་ལས་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་རྣམ་རྒྱལ་རྡོ་རྗེ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དཀར་སྦྱིས་མཆོད་རྟེན་སྙིང་པོ་གི་དབུ་འཛིན་ བླམ་གནག་མདོག་གིས་ བཤད་མིའི་ནང་ མཆོད་རྟེན་དེ་ དུས་རབས་༡༨ པའི་ནང་ འབྲུག་གི་སྡེ་སྲིད་ འཇིགས་མེད་སེངྒེ་གི་སྐབས་ལུ་ པར་བརྐོ་སྟེ་ བཞེངས་ནུག་ཟེར་ཨིན་པས།
མཆོད་རྟེན་སྙིང་པོ་ལུ་ རྒྱུ་ཤིང་ལས་བསྒྲུབས་པའི་ མཆོད་རྟེན་༩ ཡོདཔ་ད་ དེ་ཁར་ བྱང་ཆུབ་མཆོད་རྟེན་དང་ རྣམ་རྒྱལ་མཆོད་ རིང་ཚད་ཕིཊ་༡༤ འབད་མི་ཚུ་བརྩིས་ཏེ་ ཡོད་ཟེར་ཨིན་པས།
མཆོད་རྟེན་ཆུང་ཀུ་༧ ཡོད་མི་ཚུ་ རིང་ཚད་ཕིཊ་༣ དང་༤ གི་བར་ན་ཡོདཔ་ད་ མཆོད་རྟེན་ཚུ་གིས་ བདེ་བར་གཤེགས་པའི་ གསལ་སྟོན་འབད་དོ་ཡོདཔ་ཨིན་པས།
མཆོད་རྟེན་ཚུ་གུ་ལུ་ ན་བཟའ་ཚུ་གསོལ་ཏེ་འབད་རུང་ བང་རིམ་གུ་ལས་ཕར་ ཐལཝ་ཆགས་ཏེ་ བཀྲག་མདངས་ཉམས་སོ་མི་གིས་ དུམ་གྲ་ཅིག་ ལེགས་ཤོམ་འགྱོ་མ་བཏུབ་ཟེར་ཨིན་པས།
བླམ་གནག་མདོག་གིས་ བཤད་མིའི་ནང་ དགེ་སློང་ཨ་ལུ་ཚུ་ལུ་ ན་ཚ་ཕོག་མི་ལུ་བརྟེན་ མོ་བཏབ་རྩིས་བལྟ་འབདཝ་ད་ མཆོད་རྟེན་དེ་ ཉམས་ཆག་ཤོར་ཡོདཔ་ལས་ གནད་དོན་དེ་གིས་སྦེ་ ན་ཚ་འཁོར་ནི་ལ་སོགས་པ་ཚུ་ བྱུང་ཡོདཔ་སྦེ་ ཐོན་མི་ལུ་བརྟེན་ ང་བཅས་ཀྱིས་ མཆོད་རྟེན་དེ་ བདག་འཛིན་ཐོག་ ཉམས་སྲུང་འབད་ནི་ལུ་ རྩ་འགེངས་ཡི་ཟེར་ཨིན་པས།
མཆོད་རྟེན་ཚུ་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་དེ་ལྟ་བའི་སྐབས་སུ་ བྱང་ཆུབ་མཆོད་རྟེན་དང་ རྣམ་རྒྱལ་མཆོད་རྟེན་ཕིཊ་༡༤ འབད་མི་གཉིསཔོ་དེ་ ཉམས་ཆགས་སྦོམ་སྦེ་ར་ ཤོར་ཡོདཔ་སྦེ་ མཇལ་ཡི་ཟེར་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ གཙོ་འཛིན་རིག་འཛིན་རྣམ་རྒྱལ་གྱིས་ བཤད་མིའི་ནང་ ཉམས་གསོའི་ལཱ་སྦོམ་ཤོས་ར་ མཆོག་རྟེན་སྦོམ་གཉིས་གུ་ འབད་ཡི་ཟེར་ཨིནམ་ད་ ཤིང་ཚུ་འབུབ་ཀྱིས་ ཟ་མི་ལུ་བརྟེན་ སྒྲིང་སྒྲི་མེདཔ་ཐལ་ཡོདཔ་ལས་ དེ་ཚུ་ལུ་ཉམས་སྲུང་སྦོམ་ར་ འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
མཆོད་རྟེན་རྙིངམ་ནང་ལས་ཐོན་མི་ གཟུངས་ཀྱི་རིགས་ཚུ་ བསྡུ་བཞག་ཞིནམ་ལས་ མཆོད་རྟེན་གསརཔ་སྒྲུབ་པའི་སྐབས་ལུ་ ནང་གཟུངས་སྦེ་ ལོག་ཕུལ་ཡི་ཟེར་ཨིནམ་ད་ བླམ་གནག་མདོག་ཁོ་ར་གིས་ཡང་ ཤིང་གི་མཆོད་རྟེན་གསརཔ་གཉིས་ བཞེངས་ཡོདཔ་ཨིན་པས།
མཆོད་རྟེན་ཆུང་ཀུ་༧ ཡོད་མི་ཚུ་ ཉམས་ཆག་ཤོར་མི་ལུ་བརྟེན་ ཉམས་གསོ་ཞུཝ་ད་ ལ་ལུ་ཅིག་ མཆོད་རྟེན་གྱི་བཟོ་རྣམ་ཚུ་ ཡལ་སོཔ་ལས་ དེ་ཚུ་ག་ར་ བཅོ་ཁ་རྐྱབ་སྟེ་ ལེགས་ཤོམ་སྦེ་ ལོག་བཅོ་ཁ་རྐྱབ་ཅི་ཟེར་ཨིན་པས།
མཆོད་རྟེན་ཚུ་གུ་ གསེར་སྒྲོན་དགོཔ་ཡོད་མི་ཚུ་ ད་ལྟོ་ གསེར་ཕྱེ་ལང་མ་ཚུགས་མི་ལུ་བརྟེན་ སྒྲོན་མ་ཚུགས་པར་ བཞག་སྟེ་ཡོད་ཟེར་ཨིན་པས།
ས་གནས་ཀྱི་ལྷ་ཁང་དེ་ དུས་རབས་༡༦ པའི་ནང་ བླམ་འབྲུགཔ་ཀུན་ལེགས་ཀྱིས་ འགོ་དང་པ་ ས་བཅགས་གནང་ཡོདཔ་ཨིན་པས།
ཤུལ་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ སྐུ་མཆེད་རྗེ་བཙུན་བསྟན་འཛིན་མ་གིས་ མཆོད་རྟེན་སྙིང་པོ་ལུ་ ཞབས་ཀྱིས་བཅགས་གནང་ཐོག་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ ས་ཁོངས་ནང་ ལྷ་ཁང་ཆུང་ཀུ་ཅིག་ བཞེངས་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement