༉ ལཱ་གཡོག་དང་ ཚོང་འབྲེལ་ལས་ཁུངས་ཀྱིས་ དཔལ་འབྱོར་ཡར་དྲག་གཏང་ནིའི་ འཆར་གཞི་གི་ཆ་ཤས་ཅིག་སྦེ་ ན་གཞོན་འབྲེལ་འཛིན་དང་ འཚོ་སྐྱོང་ལས་རིམ་གྱི་དོན་ལུ་ འཆར་དངུལ་ས་ཡ་༢༡༦ གྲོས་འཆར་བཀོད་ཡོདཔ་ད་ འཆར་དངུལ་དེ་ རྩིས་ལོ་༢༠༢༤-༢༥ ལས་༢༠༢༥-༢༦ ཚུན་ རྩིས་ལོ་༢ ཀྱི་རིང་ལུ་ བགོ་བཀྲམ་འབད་ནི་ཨིནམ་ད་ ལོ་རེ་ལུ་ དངུལ་ཀྲམ་ས་ཡ་༡༠༨ བགོ་བཀྲམ་འབད་ནི་ཨིན་པས།
མ་གཞི་ ལས་ཁུངས་ཀྱིས་ སྤྱི་ཟླ་༧ པའི་ནང་ ན་གཞོན་འབྲེལ་འཛིན་དང་ འཚོ་སྐྱོང་ལས་རིམ་གྱི་དོན་ལུ་ མ་དངུལ་ཚུ་ སྤྱི་ཟླ་༨ པའི་ནང་ བཀྲམ་སྤེལ་འབད་འོང་ཟེར་ གསལ་བསྒྲགས་འབད་ཡོད་རུང་ འཆར་དངུལ་ཚུ་ ད་ལྟོ་ཡང་ ཐོབ་མ་ཚུགས་མི་ལུ་བརྟེན་ མ་དངུལ་ཚུ་ བཀྲམ་སྤེལ་འབད་ནི་ལུ་ དུས་ཚོད་འགོར་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་གཙོ་འཛིན་ རིག་ལྡན་དབང་ཕྱུག་གིས་ སླབ་མིའི་ནང་ གཞུང་གིས་ འཆར་དངུལ་དེ་ ཆ་འཇོག་འབད་ཚར་ཏེ་ཡོདཔ་ལས་ ཤུལ་མའི་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ འཛིན་གྲོལ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལས་རིམ་དེ་གིས་ ལཱ་གཡོག་འཚོལ་མི་ཚུ་ལུ་ རིག་རྩལ་ཡར་དྲག་གཏང་ནི་དང་ ལཱ་གི་ཉམས་མྱོང་འཐོབ་ནི་ དེ་ལས་ ལཱ་གཡོག་གི་གོ་སྐབས་ཡོད་མི་དང་ འབྲེལ་བ་འཐབ་ཚུགས་པའི་ གོ་སྐབས་བྱིན་ཐོག་ལས་ སློབ་གྲྭ་ལས་ ལཱ་གཡོག་ནང་འོང་ནི་ལུ་ རྒྱབ་སྐྱོར་འབད་ནིའི་དམིགས་གཏད་ཡོདཔ་ཨིན་པས།
ན་གཞོན་འབྲེལ་འཛིན་དང་ འཚོ་སྐྱོང་ལས་རིམ་གྱིས་ ལོ་རེ་ནང་ ན་གཞོན་༡,༠༠༠དེ་རེ་ བཅའ་མར་གཏོགས་ནི་གི་ དམིགས་གཏད་བསྐྱེད་མི་དང་བསྟུན་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༠༨ ཡོདཔ་ཨིན་པས།
ལས་རིམ་དེ་ སྤྱི་ལོ་༢༠༡༩ ལུ་ འགོ་བཙུགས་ཞིནམ་ལས་ཚུར་ ན་གཞོན་༥,༨༩༡ ལུ་ གོ་གནས་༡༡,༣༣༡ གྱི་དོན་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ད་ལྟོ་ ལས་ཁུངས་ཀྱིས་ ལཱ་གཡོག་འཚོལ་མི་༤༥,༡༧༧ དང་ ལཱ་གཡོག་བྱིན་མི་༦༢,༡༥༤ ཐོ་བཀོད་འབད་ཡོདཔ་ཨིན་པས།
རིག་ལྡན་དབང་ཕྱུག་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ བརྟག་ཞིབ་ནང་ བཅའ་མར་གཏོགས་མི་ ན་གཞོན་བརྒྱ་ཆ་༦༢ དེ་ཅིག་ ལཱ་གཡོག་ནང་ཡོདཔ་མ་ཚད་ ཁོང་རའི ་ལཱ་གཡོག་བྱིན་མི་ཚུ་གིས་ ལཱ་གི་གནས་རིམ་དེ་ གཏན་འཇགས་བཟོ་སྟེ་ཡོད་ཟེར་ཨིན་པས།
ན་གཞོན་འབྲེལ་འཛིན་དང་ འཚོ་སྐྱོང་ལས་རིམ་ནང་ མཐར་འཁྱོལ་འབྱུང་ནིའི་དོན་ལས་ ཞུ་ཡིག་བཙུགས་མི་ཚུ་ སྐྱེས་ལོ་༡༨ ལས་༢༩ ཀྱི་བར་ན་འབད་མི་དང་ ཉུང་ཤོས་ར་ སློབ་རིམ་༡༠པའི་ ཤེས་ཚད་དགོཔ་ཨིན་པས།
གཞུང་གིས་ ལཱ་གཡོག་ནང་བཙུགས་མི་ ན་གཞོན་གསརཔ་ཚུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༥,༠༠༠དེ་རེ་ སྤྲོད་དོ་ཡོདཔ་ད་ དེ་ཡང་ ཁོང་གི་ཤེས་ཚད་ལུ་ མ་བལྟ་བར་ཨིནམ་ན་ ལཱ་གཡོག་བྱིན་མི་ཚུ་གིས་ཡང་ དངུལ་ཕོགས་ཐེབས་སྤྲོད་དགོཔ་ཨིན་པས།
རིག་ལྡན་དབང་ཕྱུག་གིས་ བཤད་མིའི་ནང་ ནད་ཡམས་ཀོ་བིཌ་-༡༩ འི་སྐབས་ལུ་ ན་གཞོན་འབྲེལ་འཛིན་དང་ འཚོ་སྐྱོང་ལས་རིམ་གྱི་དོན་ལུ་ ན་གཞོན་བཅའ་མར་གཏོགས་མི་ ཡར་སེང་འབད་ནིའི་དོན་ལུ་ གནས་སྐབས་ཅིག་གི་དོན་ལུ་ ལོ་ཚད་ཀྱི་ཚད་གཞི་ཚུ་ མེདཔ་སྦེ་བཟོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་ཁུངས་ཀྱིས་ རྒྱལ་ཡོངས་ལས་མིའི་གླ་ཆ་དང་བསྟུན་པའི་ ལམ་སྟོན་ཚུ་ བསྐྱར་ཞིབ་འབད་ཡི་ཟེར་ཨིནམ་ད་ དུས་མཐུན་གནས་ཚུལ་དེ་ཡང་ ལཱ་གཡོག་བྱིན་མི་ཚུ་གིས་ ལས་བྱེདཔ་ཚུ་ལུ་ གླ་འཐུས་ལེགས་ཤོམ་སྦེ་ བྱིན་མ་ཚུགས་པའི་ སྙན་ཞུ་འབད་བའི་ཤུལ་ལས་ཨིན་པས།
བསྐྱར་ཞིབ་འབད་མི་ ལམ་སྟོན་འོག་ལུ་ གཞུང་གིས་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ཚུ་གི་དོན་ལུ་ དངུལ་ཀྲམ་༩,༠༠༠དང་ ལས་སྡེ་ཚུ་གིས་ དངུལ་ཀྲམ་༦,༠༠༠རེ་ སྤྲོད་ནི་ཨིནམ་ད་ ཌིབ་ལོ་མ་དང་ རྒྱལ་ཡོངས་ལག་ཁྱེར་གནས་རིམ་༢ པ་དང་༣ པའི་དོན་ལུ་ དངུལ་ཀྲམ་༨,༠༠༠དང་ ལས་སྡེ་ཚུ་གིས་ དམའ་ཤོས་དངུལ་ཀྲམ་༥,༥༠༠རེ་ སྤྲོད་ནི་ཨིན་པས།
སློབ་རིམ་༡༢ པ་མཐར་འཁྱོལ་མི་དང་ ལག་ཁྱེར་འཆང་མི་ཚུ་གི་དོན་ལུ་ དངུལ་ཀྲམ་༧,༠༠༠དང་ ལས་སྡེ་ཚུ་གིས་ དངུལ་ཀྲམ་༤,༥༠༠རེ་ སྤྲོད་ནི་ཨིནམ་ད་ སློབ་རིམ་༡༠པ་མཐར་འཁྱོལ་མི་ཚུ་གི་དོན་ལུ་ དངུལ་ཀྲམ་༦,༠༠༠དང་ ལས་སྡེ་ཚུ་གིས་ དངུལ་ཀྲམ་༤,༥༠༠རེ་སྤྲོད་ནི་ཨིན་པས།
ན་གཞོན་འབྲེལ་འཛིན་དང་ འཚོ་སྐྱོང་ལས་རིམ་གྱི་འོག་ལུ་ ལཱ་འབད་མི་ཚུ་གིས་ཡང་ འཚོ་རྟེན་མ་དངུལ་དང་ དགོངས་ཞུའི་ཐོབ་ལམ་ དེ་ལས་ འཐུས་གཞན་ཚུ་ འཐོབ་ཚུགས་ནི་ཨིན་པས།
ན་གཞོན་འབྲེལ་འཛིན་དང་ འཚོ་སྐྱོང་ལས་རིམ་གྱི་ ཁ་སྐོང་ལུ་ ལས་ཁུངས་ཀྱིས་ སྦྱོང་བརྡར་གྱི་རྒྱབ་སྐྱོར་དོན་ལུ་ འཆར་དངུལ་ས་ཡ་༤༥ དང་ དམིགས་བསལ་གྱི་རྒྱབ་སྐྱོར་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༨༠བགོ་བཀྲམ་འབད་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ ན་གཞོན་༢,༥༠༠དེ་ཅིག་ ལཱ་གཡོག་གི་ གོ་སྐབས་འཐོབ་ནིའི་དོན་ལུ་ ཕྱི་རྒྱལ་ལུ་ གཏང་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
རིག་ལྡན་དབང་ཕྱུག་གིས་ བཤད་མིའི་ནང་ ལས་རིམ་འདི་ཚུ་གིས་ རྒྱལ་ཁབ་ནང་ ལཱ་གཡོག་གི་ཚད་གཞི་དེ་ སྤྱི་ལོ་༢༠༢༩ ལུ་ བརྒྱ་ཆ་༩༧.༥ ལུ་ ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ད་ལྟོ་ འབྲུག་རྒྱལ་ཁབ་ཀྱི་ སྤྱིར་བཏང་ལཱ་གཡོག་མ་ཐོབ་མིའི་ ཚད་གཞི་དེ་ བརྒྱ་ཆ་༣.༥ ཨིན་རུང་ ན་གཞོན་ལཱ་གཡོག་མ་ཐོབ་མིའི་ ཚད་གཞི་དེ་ བརྒྱ་ཆ་༡༥.༩ ཨིནམ་ལས་ མཐོ་ཤོས་ཅིག་ཨིནམ་ད་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གིས་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ ལཱ་གཡོག་འཚོལ་མི་༨༣,༠༠༠ལྷགཔ་ཅིག་གིས་ ལཱ་གཡོག་གི་ཚོང་འབྲེལ་ནང་ འཛུལ་ཞུགས་འབད་ནི་མས་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་ལྷན་ཁག་གིས་ འགོ་འབྱེད་འབད་མི་ ན་གཞོན་འབྲེལ་འཛིན་དང་ འཚོ་སྐྱོང་ལས་རིམ་དེ་ ལཱ་གཡོག་གི་ གདོང་ལེན་བྱུང་མི་ཚུ་ སེལ་ཐབས་འབད་ནིའི་ དམིགས་ཡུལ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement