༉ སྐྱེས་ལོ་༢༥ ལང་མི་ མཆོད་རྟེན་ཚེ་རིང་གིས་ ཐིམ་ཕུག་གི་ས་གནས་ པཱམ་ཚོ་ལུ་ སྐྱེས་ལོ་༡༣ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་དང་ དམར་བསད་འབད་མི་ལུ་བརྟེན་ ཁ་ཙ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ བཟའ་ཚང་དང་ཨ་ལོའི་ཁྲིམས་ཁྲི་གིས་ བཙོན་ཁྲིམས་ཚེ་བཙོན་བཀལ་ནུག།
དམར་བསད་འབད་བའི་བཙོན་ཁྲིམས་ ཚེ་བཙོན་བཀལ་ཡོདཔ་མ་ཚད་ དབང་བཙོང་ལུས་འབྲེལ་འབད་བའི་ བཙོན་ཁྲིམས་ལོ་༡༤ བཀལ་མི་ཚུ་ རིམ་བཞིན་འབག་དགོཔ་ད་ ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་གིས་ མ་འོངས་པ་ལུ་ དེ་བཟུམ་མའི་ བྱ་ངན་ཚུ་ འབྱུང་མ་བཅུག་པར་ བཀག་ཆ་འབད་ཚུགས་ནི་ཨིན་མས།
ཉེས་ཅན་དེ་ལུ་ ཉེས་འཛུགས་ཁག་༢ བཀལ་ཡོད་མི་དེ་ཡང་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ ཨ་ལོ་ལུ་ དབང་བཙོང་ལུས་འབྲེལ་དང་ དམར་བསད་འབད་ནི་དེ་གིས་ཨིན་པས།
ཁྲིམས་འདུན་གྱིས་ གྲོས་ཐག་བཅད་མི་དེ་ལུ་ ཁུངས་དོན་ཅན་གྱི་སྒྲུབ་བྱེད་ཚུ་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ དེ་ཡང་ མཆོད་རྟེན་ཚེ་རིང་གིས་ རྫུན་ཁ་བཟེད་མི་དང་ སི་སི་ཊི་བི་པར་ཆས་ནང་ ཁོ་གིས་ བྱ་ངན་འབད་སའི་ས་ཁོངས་ནང་ ལྷོད་པའི་སྐབས་དང་ བྱ་ངན་འབད་སའི་ས་ཁོངས་དེ་ ལོག་བཟོ་སྐྲུན་འབད་ཡོད་པའི་གློག་བརྙན་ ཕོ་མོའི་གཟུགས་ཁམས་བརྟག་དཔྱད་ཀྱི་སྙན་ཞུ་ དེ་ལས་ ཁོ་གི་ནང་འབྲེལ་འབད་ཡོད་པའི་ བདེན་ཁུངས་ཚུ་ཨིན་པས།
ཉེས་ཅན་དེ་ མོང་སྒར་ལས་ཨིནམ་ད་ ཁོ་ར་ ཐིམ་ཕུག་ལུ་ ཚོང་ཁང་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིན་མས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་དེ་ ཐོ་བཀོད་འབད་ཡོདཔ་ཨིན་པས།

རྒྱབ་ཁུངས།
སྤྱི་ཟླ་༥ པའི་ཚེས་༢༣ གྱི་དྲོ་པ་ ཉམས་རྒུདཔ་དེ་གིས་ བདེ་ཆེན་ཕུག་ལྷ་ཁང་ནང་འགྱོ་ནིའི་དོན་ལུ་ མོ་རའི་ཁྱིམ་ནང་ལས་ ཆ་རོགས་ཅིག་དང་འཕྱད་པར་ སོང་ཡོདཔ་ད་ དེ་བསྒང་ མོ་རའི་ཆ་རོགས་ཚུ་ ཧེ་མ་ལས་ སོང་ཡོདཔ་ལས་ མོ་ར་ རྟིང་ཤུལ་བདའ་སྟེ་ རྐང་སྟོང་སྦེ་ བདེ་ཆེན་ཕུག་ལྷ་ཁང་ནང་སོང་ཡོདཔ་ཨིན་པས།
མོ་ར་ ས་ཁོངས་ནང་ རྐང་སྟོང་འབད་འགྱོ་མི་དེ་ མཇུག་ར་ མཆོད་རྟེན་ཚེ་རིང་དང་ཕྱད་མི་དེ་ཨིནམ་ད་ དེ་བསྒང་ཁོ་ར་ གཡུར་ཟམ་གུ་ ཏམ་ཁུ་འཐུང་སྟེ་ སྡོད་ཡོདཔ་སྦེ་མཐོང་ཡོདཔ་ཨིན་པས།
དོགས་ཅན་གྱིས་ ཉམས་རྒུདཔ་དེ་ལུ་ བང་བཙོང་སྟེ་ ནགས་ཚལ་ནང་ འདྲུད་བདའ་མ་འགྱོ་བའི་ཧེ་མར་ ཁོང་༢ མི་ཊར་དག་པ་ཅིག་ ལམ་འགྱོ་ཡོདཔ་ཨིན་པས།
ཚེ་འདས་ཀྱིས་ ཉན་མ་བཏུབ་པའི་སྐབས་ ཉེས་ཅན་དེ་གིས་ མོ་ལུ་ བརྡུང་རྫོབ་འབད་བའི་ཁར་ དབང་བཙོང་ལུས་འབྲེལ་ཡང་འབད་ཡོདཔ་ད་ ཁོ་གིས་ མོ་གི་ཁ་གུ་ ས་བཀབ་ཞིནམ་ལས་ རག་ཅུང་གིས་ མོ་གི་ཨོལ་ལྐོག་བསྡམས་ཏེ་ བསད་ཡོདཔ་ད་ དེ་གི་ཤུལ་ལས་ ཁོ་གིས་ མོ་གི་གཟུགས་དེ་ དཀྱི་ར་དང་ ཤིང་གི་འདབ་མ་སྐམ་ཚུ་བཀབ་སྟེ་ སྦ་བཞག་ཞིནམ་ལས་ རྡོ་གིས་ མོ་གི་མགུ་ཏོ་གུ་ བརྡུང་ཡོདཔ་ཨིན་པས།
ཤི་བའི་ཤུལ་ལུ་ བརྟག་དཔྱད་འབད་བའི་སྐབས་ ཤི་རྐྱེན་གྱི་ གནད་དོན་དེ་ ཨིསི་ཕི་སི་ཡ་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ད་ དེ་ཡང་ ས་གིས་ ཁ་བསུབས་མི་དང་ ཀླདཔ་གུ་གནོད་སྐྱོན་རྐྱབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ སློབ་རིམ་༦ པའི་སློབ་ཕྲུག་ཅིག་ཨིནམ་ད་ མོ་ར་ ཁྱིམ་ནང་མ་ལྷོད་པའི་ཤུལ་ལས་ སྙན་ཞུ་འབད་ཡོདཔ་ད་ མོ་གི་ཕུངམ་དེ་ ཁྲིམས་སྲུང་འགག་པའི་ འཚོལ་ཞིབ་སྡེ་ཚན་གྱིས་ དེ་གི་ནངས་པར་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ ཐོབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དོགས་ཅན་དེ་ པཱམ་ཚོ་ལུ་ སྒྲིང་ཁྱིམ་གྱི་ ཉེ་འདབས་ལུ་ཡོད་མི་ སི་སི་ཊི་བི་པར་ཆས་ནང་ལས་ ངོས་འཛིན་འབད་ཡོདཔ་ད་ པར་ཆས་དེ་གིས་ དོགས་ཅན་དེ་ ཉམས་རྒུདཔ་གི་ཤུལ་ལས་ ཁོ་ར་རྐྱངམ་གཅིག་སྦེ་ འགྱོ་སར་མཐོང་ཡོདཔ་ཨིན་པས།
བྱ་ངན་གྱི་ཤུལ་ལས་ ཉེས་ཅན་དེ་གིས་ སྤ་རོ་ལུ་ བྱོག་སོང་ཡོདཔ་ད་ འཚོལ་ཞིབ་འབད་བའི་མཐའ་མར་ སྤྱི་ཟླ་༥ པའི་ཚེས་༣༠ལུ་ སྤ་རོ་ རཱམ་ཐང་ཀ་ལས་ འཛིན་བཟུང་འབད་ཚུགས་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ཁོ་གི་ འགྲུལ་འཕྲིན་ཊ་ཝར་ས་གོ་ ལག་ལེན་འཐབ་སྟེ་ འཚོལ་ཐོབ་ཡོདཔ་ཨིན་པས།
དྲི་དཔྱད་འབད་བའི་སྐབས་ ཁོ་གིས་ སྨྱོ་རྫས་ཀེ་ཧང་དང་ ཆང་གི་དབང་ལུ་ཐལ་ཏེ་ བུམོ་དེ་ བསད་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
ཉེས་ཅན་དེ་གིས་ ཧེ་མ་ལས་ ཁྲིམས་འགལ་བྱ་ངན་འབད་ཡོད་པའི་ ཐོ་ཡིག་ཡོདཔ་ད་ དེ་ཡང་ ཁོ་གིས་ བུམ་ཐང་ལུ་ ངན་ལྷད་གནོད་འཚེ་འབད་བའི་ ཉེས་འཛུགས་འབད་འདུག་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement