༉ ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གིས་ བཤད་མི་དང་འཁྲིལཝ་ད་ ཁ་ཙ་ འབྲུག་པའི་སློབ་ཕྲུག་༩ ཅི་ཊ་གོང་ལས་ འབྲུག་ལུ་ལྷོད་ཡོདཔ་ད་ དེ་ཡང་ ཅི་ཊ་གོང་-ཀཱོལ་ཀ་ཊ་-བག་ཌོ་ར་བརྒྱུད་དེ་ ཕུན་ཚོགས་གླིང་ལུ་ འོངས་ཡོདཔ་ད་ བང་ལ་དེཤ་ལུ་ལུས་མི་ འབྲུག་པའི་སློབ་ཕྲུག་ཚུ་ ཁོང་རའི་ མཐོ་རིམ་སློབ་གྲྭ་ཚུ་ནང་ ཉེན་སྲུང་དང་ལྡནམ་སྦེ་ཡོད་ཟེར་ཨིན་པས།
ཌ་ཀ་ལུ་ཡོད་མི་ འབྲུག་གི་ གཞུང་ཚབ་ལས་ཁང་གིས་ སློབ་ཕྲུག་ཚུ་ ཆ་མཉམ་ར་ དུས་དང་དུས་སུ་ ལྟ་རྟོག་འབད་བཞིན་དུ་ཡོདཔ་ཨིན་པས།
ད་རིས་ལས་འགོ་བཙུགས་ བང་ལ་དེཤི་ལུ་ དྲོ་པའི་ཆུ་ཚོད་༡༠ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ ཡངས་ཆག་བཏང་ཡོདཔ་བཞིན་དུ་ གཞུང་གི་ ཡིག་ཚང་ཚུ་ཡང་ དྲོ་པའི་ཆུ་ཚོད་༡༡ ལས་ ཉིན་མའི་ཆུ་ཚོད་༣ ཚུན་ ལོག་སྒོ་ཕྱེས་ཡོདཔ་ཨིན་པས།
ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གི་ བློན་པོ་ཌི་ཨེན་ དུང་གེལ་གྱིས་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ འབྲུག་ལུ་ཡོད་མི་ བང་ལ་དེཤི་གི་ གཞུང་ཚབ་དང་གཅིག་ཁར་ བང་ལ་དེཤི་གི་ གནས་སྟངས་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།
བློན་པོ་གིས་ བང་ལ་དེཤི་གཞུང་ལུ་ བུ་རི་མ་རི་ རྒྱ་གར་དང་ བང་ལ་དེཤི་གི་ས་མཚམས་ཁར་ འབྲུག་པའི་སྣུམ་འཁོར་ཊཱག་༣༠༠ཐོགས་ལུས་མི་ཚུ་ ལོག་འབྲུག་ལུ་ གཏང་དགོ་པའི་ ཞུ་བ་འབད་མི་དང་བསྟུན་ ཁ་ཙ་ཕྱི་རུ་ལས་ འབྲུག་པའི་ སྣུམ་འཁོར་ཊཱག་ཚུ་ འབྲུག་ལུ་ ལོག་འགྱོ་ཆོག་པའི་ གནང་བ་བྱིན་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement