བཀྲིས་ཕུན་ཚོགས།

༉ གསར་སྤང་ལུ་ ད་རེས་ཀྱི་་བདུན་ཕྲག་ནང་འཁོད་ མི་༥ ལུ་ ཚད་པའི་ནད་ཐོབ་ཡོདཔ་ཨིན་རུང་ འགོ་དཔོན་ཚུ་གིས་ ཚད་ནད་ག་དེ་སྦེ་ ཐོབ་ཡོདཔ་ཨིན་ནའི་ ཞིབ་འཚོལ་འབད་ནི་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ད་ དེ་ཡང་ ནདཔ་ཚུ་གིས་ རྒྱུན་འགྲུལ་འཐབ་པའི་སྐོར་ལས་ ཁ་གསལ་སྙན་ཞུ་ཚུ་ བྱིན་མ་བཏུབ་མི་ལུ་བརྟེན་ཨིན་པས།

ད་ལྟོ་ཚུན་ ཅཱར་གཡུས་ཚན་ལས་ ཕོ་སྐྱེས་༤ ལུ་ ཚད་ནད་ཐོབ་མིའི་གྲས་ལས་༣ བཟའ་ཚང་གཅིག་ནང་ལས་ཨིནམ་ད་ གཞན་མི་དེ་ ཁྱིམ་ཚང་ལས་ཨིནམ་ད་ ཁོང་ཆ་ཁྱབ་ སྐྱེས་ལོ་༢༥ ལས་༦༡ ལང་མི་ཚུ་ཨིནམ་ད་ དགའ་སྐྱིད་གླིང་རྒེད་འོག་ སྨན་ཆུ་ལམ་ལས་ སྐྱེས་ལོ་༢༠ ལང་མི་ ཨམ་སྲུ་ཅིག་ལུ་ཡང་ ཚད་ནད་ཐོབ་ཡོདཔ་ཨིན་པས།

ཚད་ནད་ཐོབ་མིའི་ གནད་དོན་༣ དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༩ དང་ གཞན་མི་དེ་ སྤྱི་ཟླ་༤ པའི་ཚེས་༢༤ ལུ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ ཨམ་སྲུ་དེ་ལུ་ ཚད་ནད་ཐོབ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ལས་ ད་རེས་ནངས་པར་ ནདཔ་ཚུ་ གསར་སྤང་སྤྱིར་བཏང་སྨན་ཁང་དང་ དགེ་ལེགས་ཕུག་ལུང་ཕྱོགས་སྨན་ཁང་ལྟེ་བའི་ནང་ སྨན་བཅོས་འབད་བའི་བསྒང་ཨིན་པས།

ཅཱར་གཡུས་ཚན་དེ་ ཤེ་ལྕམ་ཐང་ཁྲོམ་ལས་ ཀི་ལོ་མི་ཊར་༥ དེ་ཅིག་ལུ་ ཆགས་ཡོདཔ་ད་ སྨན་ཆུ་ལམ་དེ་ ཅཱར་ལས་ ཀི་ལོ་མི་ཊར་༨ ལུ་ཡོདཔ་བཞིན་དུ་ ལོ་ངོ་༡༦ གྱི་རྒྱབ་ལས་ ཚད་ནད་ཐོབ་མི་དེ་ འགོ་དང་པ་ཨིན་པས།

མ་གཞི་ གཡུས་ཚན་དེ་ནང་ གཟན་དོམ་ཡོད་པའི་ལོ་རྒྱུས་མེད་ཟེར་ དགེ་ལེགས་ཕུག་གི་ ནད་འབུབ་བརྟག་དཔྱད་བཀག་འཛིན་ལས་རིམ་ལས་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ཚད་པའི་ནད་དེ་ རྒྱལ་ཁབ་ནང་འཁོད་ལས་ ཐོབ་མེན་པར་ ཕྱི་ཁ་ལས་ འབག་འོང་དོ་བཟུམ་ཅིག་འདུག་ཟེར་ སྨན་བཅོས་བརྟག་དཔྱད་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ གསར་སྤང་ལུ་ ཚད་ནད་ཐོབ་མི་མཇུག་ར་ སྤྱི་ལོ་༢༠༢༡ ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ ཚད་ནད་དེ་ འཕྲལ་ཁམས་ཅིག་ཁར་ དགའ་སྐྱིད་གླིང་ལུ་ ཆོས་ཕྱོགས་ཀྱི་ལས་རིམ་ཅིག་འགོ་འདྲེན་འཐབ་པའི་སྐབས་ དད་ཅན་ཚུ་ འཛོམས་མི་དང་ དེ་ཁར་ ས་མཚམས་ལས་ ཕྱི་མི་ཚུ་ཡང་ འཛོམས་ཡོད་མི་ལུ་བརྟེན་ ཐོབ་ཡོདཔ་བཟུམ་ཅིག་འདུག་ཟེར་ཨིན་པས།

འགོ་དང་པ་ ཚད་ནད་ཐོབ་མི་གིས་ སྤྱི་ཟླ་༤ པའི་བདུན་ཕྲག་༢ པམ་ནང་ ཨ་སམ་ མུ་རེ་ལུ་ རྒྱུན་འགྲུལ་འབད་ནུག་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།

ཨིན་རུང་ ནད་གཞི་ཐོབ་ཞིནམ་ལས་ ནད་གཞི་ཁུག་ནིའི་དུས་ཚོད་ ཞག་གྲངས་༡༤ ལས་༡༧ ཚུན་གྱི་ནང་འཁོད་ ཁོ་གིས་ འཕྲལ་འཕྲལ་ར་ ཆོས་ཕྱོགས་ལས་རིམ་ འགོ་འདྲེན་འཐབ་སའི་ས་ཁོངས་ནང་ སོང་ཡོདཔ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༢ ལུ་ ལས་རིམ་མཇུག་བསྡུ་ནུག་ཟེར་ཨིན་པས།

འགོ་ཐོག་ལུ་ ནདཔ་ག་གིས་ཡང་ ཕྱི་ཁར་ རྒྱུན་འགྲུལ་འཐབ་བའི་སྙན་ཞུ་མེད་རུང་ ནཝ་ད་ལས་བརྒལ་ ཤེས་རྟོགས་འབྱུང་མ་ཚུགས་ནི་དེ་གིས་ བཟའ་ཚང་དང་ ཁྱིམ་ཚང་ལུ་ དྲི་དཔྱད་འབད་དགོ་པས་ཟེར་ འགོ་དཔོན་གིས་ སླབ་ཡོདཔ་མ་ཚད་ ད་ལྟོ་ཚུན་ ཁུངས་བཀལ་མི་ཚུགས་པས་ཟེར་ཨིན་པས།

འགོ་དཔོན་གཞན་མི་གིས་ སླབ་མིའི་ནང་ མི་ཚུ་གིས་ ཁྲིམས་འགལ་རྒྱུན་ལམ་སྤྱོད་མི་ལུ་བརྟེན་ ཞིབ་དཔྱད་འབད་ནི་དང་ དབྱེ་བ་ཕྱེ་ནི་ལུ་ གདོང་ལེན་འདུག་ཟེར་ཨིནམ་ད་ གལ་སྲིད་ མི་ཚུ་གིས་ གཞུང་དོན་ལམ་ལས་ ལམ་ལུགས་དང་འཁྲིལ་ འཛིན་སྐྱོང་རིམ་ལུགས་ནང་ ཐོ་བཀོད་འབད་དེ་འགྱོ་བ་ཅིན་ ཞིབ་དཔྱད་འབད་ནི་དང་ གྲུབ་འབྲས་བཏོན་ནི་ལུ་ཡང་ གདོང་ལེན་མི་འབྱུང་ནི་མས་ཟེར་ཨིན་པས།

དུས་ཅི་ གསར་སྤང་ལུ་ ཚད་ནད་ཐོབ་མི་ འགོ་དང་པ་ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ ཐོན་རིམ་༢ པ་ཨིནམ་ད་ རྒྱལ་ཁབ་ནང་ ཚད་ནད་ཐོབ་མི་ འགོ་དང་པ་དེ་ འཕྲལ་ཁམས་ཅིག་ཁར་ གཞུང་འབྲེལ་དུ་ འགྱོ་མི་ འགོ་དཔོན་ཅིག་གིས་ ནང་འདྲེན་འབད་དེ་འབག་ནུག་ཟེར་ཨིན་པས།

ཐབས་ཤེས་དང་གདོང་ལེན།

དེ་སྦེ་ ཚད་པའི་ནད་ཐོབ་ཡོདཔ་སྦེ་ ངོས་འཛིན་བྱུང་ཞིནམ་ལས་ མི་མང་གསོ་བའི་སྡེ་ཚན་གྱིས་ གདོང་ལེན་དང་ ཚད་ནད་འཐོབ་ནི་ལས་ བཀག་ཐབས་ལུ་ གནས་སྐབས་རྣམ་པ་སྣ་ཚོགས་སྦེ་ བསྟར་སྤྱོད་འབད་བཞིན་དུ་ཡོདཔ་ཨིན་པས།

དེ་འབདཝ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ ཚད་ནད་ཐོབ་མི་ས་ཁོངས་ནང་ ཉིནམ་༤ གི་རིང་ བརྟག་དཔྱད་ཚུ་འགོ་འདྲེན་འཐབ་ཡོདཔ་མ་ཚད་ གཟན་དོམ་བཀག་འཛིན་འབད་ཐབས་ལུ་ སྨན་ཚུ་ གཏོར་ཡོདཔ་ཨིན་པས།

ཅཱར་གཡུས་ཚན་སྨད་ལུ་ གུང་པ་༡༠ འབད་མི་གི་ མི་རློབས་ཚུ་ལུ་ བརྟག་དཔྱད་འགོ་འདྲེན་འཐབ་ཡོདཔ་མ་ཚད་ ད་རུང་ ཉིནམ་༡༤ འི་རྒྱབ་ལས་ ཉེན་ཁ་ཆེ་བའི་ས་ཁོངས་ཚུ་ནང་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ཨིནམ་ལས་ སྨན་ཚུ་ གཏོར་ཏེ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ལྷག་པར་དུ་ ནད་འབུབ་བརྟག་དཔྱད་བཀག་འཛིན་ལས་རིམ་གྱི་ འགོ་དཔོན་ཚུ་གིས་ ས་མཚམས་ལས་བརྒལ་ཏེ་ ས་ཁོངས་ལེ་ཤ་ཅིག་ནང་ རྒྱ་གར་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ བཀག་ཐབས་ཀྱི་ གྲོས་བསྟུན་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།

དེ་འབདཝ་ལས་ ང་བཅས་ཀྱིས་ མཉམ་འབྲེལ་ཐོག་ལས་ ཚད་ནད་ཡོད་མེད་ཀྱི་ བརྟག་དཔྱད་འབད་དགོ་ནི་དེ་གིས་ ད་ལྟོ་ཚུན་ རྒྱ་གར་གྱི་མངའ་སྡེ་དང་ ས་ཁོངས་ལས་ ལན་གསལ་འཐོབ་མ་ཚུགས་རུང་ ནང་འཁོད་ནང་ དེ་འཕྲོ་ལས་ ཉེན་ཁ་ཅན་གྱི་ ས་གོ་ཚུ་ནང་ འགོ་འདྲེན་འཐབ་སྟེ་ཡོད་ཟེར་ཨིན་པས།

འབྲུག་གིས་ ཚད་ནད་རྩ་མེད་བཏང་ནི་ཨིན་ཟེར་ སྤྱི་ལོ་༢༠༡༨ དང་༢༠༢༠ ལུ་ ཐེངས་༢ པ་ཚུན་ དུས་ཚོད་བཟོ་ཡོདཔ་ད་ གལ་སྲིད་ སྤྱི་ལོ་༢༠༢༢ ལུ་ ཚད་ནད་འཐོབ་པའི་སྙན་ཞུ་མེད་པ་ཅིན་ འཛམ་གླིང་གསོ་བའི་ཚོགས་སྡེ་ལས་ འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༢༥ ཚུན་ ཚད་གཞི་མེད་པའི་ ངོས་འཛིན་གྱི་ལག་ཁྱེར་འཐོབ་ནིའི་འོས་འབབ་ཡོདཔ་ཨིན་པས།

ཚད་ནད་དེ་ ཚབས་ཆེན་ཅིག་ཨིནམ་ལས་ རེ་ཚེ་སྐབས་ ཚད་ནད་དེ་ གཟན་དོམ་གྱིས་ བཀྲམ་སྤེལ་འབད་ནི་ཨིནམ་བཞིན་དུ་ ཚད་ནད་དེ་ མི་ལས་མི་བརྒྱུད་དེ་ མ་སྤེལ་རུང་ ཨའི་གིས་ ཨ་ལོ་རྨས་སྐྱེས་དང་ ཡང་ཅིན་ ཕོཝ་ནང་ཆགས་མི་ཨ་ལོ་ཚུ་ལུ་ འབུ་དོ་ཡོད་པའི་གནས་ཚུལ།

Advertisement