༉ སྐྱེས་ལོ་༣༥ ལང་མི་ འབྲུག་པའི་ཚོང་པ་ཅིག་ སྤྱི་ཟླ་༩ པའི་ཚེས་༢༥ གི་ཕྱི་རུ་ ངོ་མ་ཤེས་མི་༤ གིས་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཨམ་ཇི་འཁོར་ལམ་ལུ་ཡོད་མི་ ཨིསི་ཊར་ གློག་བརྙན་ཁང་གི་སྦོ་ལོགས་ཁར་ བཙན་ཁྲིད་འབད་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༧ ལུ་ བྱུང་ཡོདཔ་ཨིན་པས།
ཀུན་གསལ་དང་གཅིག་ཁར་ དྲི་དཔྱད་འབད་བའི་སྐབས་ ཉམས་རྒུདཔ་གིས་ ཁོ་ར་ ཇའི་སྒང་ལུ་ ཅ་ཆས་དག་པ་ཅིག་ ལོག་སྤྲོད་ནི་སྦེ་སོང་ཡི་ཟེར་ སླབ་ཡོདཔ་ཨིན་པས།
ཁོ་རའི་ སྣུམ་འཁོར་གྱི་སྒོ་ཕྱེཝ་ཅིག་ བུཚ་ཅིག་གིས་ སྣུམ་འཁོར་ནང་འཛུལ་ཡོདཔ་བཞིན་དུ་ ཧང་སྟོང་མར་ མི་༤ གིས་ སྐད་རྐྱབ་སྟེ་ ག་ཅི་འབདཝ་ཨིན་ན་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ ཁོང་གིས་ ང་དང་བུཚ་འདི་ སྨྱོ་རྫས་ནག་ཚོང་འཐབ་མི་སྦེ་ ཉེས་འཛུགས་འབད་ཡོདཔ་ད་ ཁོང་གིས་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཨིན་ཟེར་སླབ་སྟེ་ ཁོང་གིས་ང་ལུ་ ཨ་ལི་པུར་ལུ་འཁྱིད་འགྱོ་ནི་ཟེར་ སླབ་ཡོདཔ་ད་ དེ་བསྒང་ ང་གནམ་མེད་ས་མེད་ཚ་གྱང་ལངས་ཏེ་ ག་ཅི་འབད་ནི་ཨིན་ན་མ་ཤེས་པའི་ཁར་ མི་ག་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་མ་བཅུག་ཟེར་ སླབ་ཡོདཔ་ཨིན་པས།
དོགས་པ་ཅན་༤ གིས་ བཙན་ཁྲིད་འབད་མ་འབད་བའི་ཧེ་མར་ ཉམས་རྒུདཔ་དང་ ཁོ་གི་གནས་སྟངས་སྐོར་ལས་ ཉིནམ་༤ གི་རིང་ བརྟག་ཞིབ་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་གིས་ སླབ་མིའི་ནང་ དོགས་པ་ཅན་ཚུ་གིས་ ཁོ་རའི་ ཆ་རོགས་ཅིག་ལུ་ བརྒྱུད་འཕྲིན་བཏང་བཅུག་ཡོདཔ་མ་ཚད་ དང་པ་ར་ དངུལ་ཀྲམ་ས་ཡ་༡ སྲོག་རིན་དགོཔ་སྦེ་ སླབ་ཅི་ཟེར་ཨིནམ་ད་ ཨིན་རུང་ བདེ་སྒྲིག་འབད་བའི་ཤུལ་ལས་ དངུལ་ཀྲམ་དེ་ དངུལ་ཀྲམ་༤༠༠,༠༠༠ལུ་ མར་ཕབ་འབད་ཡི་ཟེར་ཨིན་པས།
དོགས་པ་ཅན་ཚུ་གི་གྲས་ལས་ གཅིག་གིས་ ཁོ་གི་སྣུམ་འཁོར་དེ་ ས་གནས་མ་ཤེསཔ་ཅིག་ནང་ བཏང་འགྱོ་བའི་ཁར་ ཁོང་གིས་ ངེ་གི་ཆ་རོགས་ལུ་ ལོག་འགྲུལ་འཕྲིན་བཏང་སྟེ་ མེ་ལ་ཐང་ནང་ འོང་དགོཔ་སྦེ་སླབ་ཡོདཔ་ད་ དེ་བསྒང་ ངེ་གི་ཆ་རོགས་དེ་གིས་ གནད་དོན་དེ་གི་སྐོར་ལས་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཉམས་རྒུད་པའི་ཆ་རོགས་གཅིག་ཁར་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ གོ་ལ་གཞན་གྱོན་ཏེ་ ས་ཁོངས་ནང་ལྷོད་ཡོདཔ་ཨིན་རུང་ སྐྱེས་ལོ་༣༡ ལང་མི་ དོགས་པ་ཅན་ ས་མི་འུལ་ སུ་བྷ་གིས་ ཁྲིམས་སྲུང་འགག་པ་ཨིན་པའི་ ངོས་འཛིན་འབད་ཡོདཔ་མ་ཚད་ ཁོ་རའི་ ཆ་རོགས་ཚུ་ལུ་ དེ་འཕྲོ་ལས་ བརྡ་ལན་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་ འོང་ཡོདཔ་ཤེས་པའི་སྐབས་ དོགས་ཅན་གཞན་༣ གྱིས་ ས་གནས་དེ་ཁར་ལས་ བྱོག་སོང་ཡོདཔ་ད་ ཉམས་རྒུདཔ་དེ་ ས་གོ་ནང་ར་ བཞག་ཡོདཔ་ཨིན་པས།
དེ་ལས་ དམར་བསད་འབད་མི་གིས་ ཁོ་རའི་ ཆ་རོགས་ལུ་ ཁོ་ག་ཏེ་ཡོདཔ་ཨིན་ན་སླབ་བྱིན་ཏེ་ མཐའན་མཇུག་ལུ་ སྲོག་སྐྱབས་འབད་ཚུགས་ནུག།
ཇའི་སྒང་གི་ ཁྲིམས་སྲུང་འགག་སྡེའི་ འགན་འཛིན་པ་ དཔལ་ཟར་ཚེ་རིང་བུ་ཊི་ཡ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཉམས་རྒུད་པའི་ ཆ་རོགས་ཅིག་ལུ་ ཁོ་གི་ཆ་རོགས་དེ་ བཙན་ཁྲིད་འབད་ཡོད་པའི་སྐོར་ལས་ སླབ་པའི་ཤུལ་ལུ་ ཁོ་ར་ གོ་པི་མོ་ཧཱན་ མེ་ལ་ཐང་ནང་ ཤོག་ཟེར་སླབ་སྟེ་ ང་བཅས་ཆ་ཁྱབ་ ཁོ་དང་གཅིག་ཁར་ འབྲེལ་བ་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བཙན་ཁྲིད་འབད་མི་གིས་ ཁོ་གི་ གྱོན་ཆས་ཀྱི་ཁ་གསལ་ཚུ་ གསལ་བཀོད་འབད་ཡོདཔ་ད་ སྟོད་གོ་ལ་སོགས་པ་ཚུ་ཡོད་མི་ལུ་བརྟེན་ བཙན་ཁྲིད་འབད་མིའི་ ཆ་རོགས་ཚུ་གིས་ ཁོ་ར་ ངོ་ཤེས་ནུག་ཟེར་ཨིནམ་ད་ ཨིན་རུང་ འགོ་ཐོག་འཚོལ་ཞིབ་འབད་བའི་སྐབས་ མི་ངོམ་དེ་ འོང་མ་བཏུབ་ལས་ འཚོལ་ཞིབ་འབད་མ་ཚུགས་པས།
ཁྲིམས་སྲུང་འགག་པ་༢ ཀྱིས་ ཉམས་རྒུད་པའི་ སྣུམ་འཁོར་ནང་འཛུལ་ཏེ་ བཙན་ཁྲིད་འབད་མི་གིས་བྱིན་མི་ ལམ་སྟོན་དང་འཁྲིལ་ཏེ་ སོང་ཡོདཔ་ཨིན་པས།
མི་ཊར་༥༠༠དེ་ཅིག་གི་ས་ཁར་ སྣུམ་འཁོར་བཏང་འགྱོ་བའི་ཤུལ་ལས་ ཁོང་གིས་ མེ་བསད་སྡེ་ཚན་གྱི་ཁ་ཐུག་ལུ་ གྱོན་ཆས་ཀྱི་ཁ་གསལ་བྱིན་མི་ཅིག་ མཐོང་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དྲི་དཔྱད་འབད་བའི་སྐབས་ ས་མི་འུལ་ སུ་བྷ་གིས་ བཙན་ཁྲིད་འབད་མི་ ཉམས་རྒུདཔ་དེ་ ག་ཏེ་ཡོདཔ་ཨིན་ན་ གསལ་སྟོན་འབད་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་པས།
དབང་འཛིན་ཚུ་གིས་ སྲོག་རིན་གྱི་དོན་ལུ་ བཙན་ཁྲིད་འབད་ཡོད་པའི་ གནད་དོན་དེ་ གཏན་འཁེལ་འབད་ཡོདཔ་བཞིན་དུ་ འཛིན་བཟུང་འབད་མི་ ཕོ་སྐྱེས་དེ་གིས་ ཁོ་རའི་ཆ་རོགས་ སྐྱེས་ལོ་༤༢ ལང་མི་ ནོར་བུ་བླ་མ་དང་ སྐྱེས་ལོ་༣༨ ལང་མི་ ས་གར་ བླ་མ་ དེ་ལས་ སྐྱེས་ལོ་༣༥ ལང་མི་ ཤི་བ་ཆེ་ཏི་རི་དེ་ ད་ལྟོ་ཡང་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།
དོགས་པ་ཅན་ཚུ་ག་ར་ ལཱ་གཡོག་མེད་པའི་ཁར་ ཁྲིམས་འགལ་འབད་མི་ཚུ་ ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement