༉ དགེ་ལེགས་ཕུག་ དམིགས་བསལ་རང་སྐྱོང་ལུང་ཕྱོགས་ཀྱི་དོན་ལུ་ གོང་འཕེལ་གྲ་སྒྲིག་དང་ གསར་སྤང་དང་ དགེ་ལེགས་ཕུག་ལུ་ ཡོངས་འབྲེལ་བརྒྱུད་ལམ་ ཡར་དྲག་གཏང་ནིའི་དོན་ལས་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་ལས་སྡེ་༢ ཀྱིས་ འགྲུལ་འཕྲིན་མོ་བཱ་ཡལ་གྱི་ ཀ་རིང་དང་ མོ་ནོ་པཱོལསི་ཚུ་ མངམ་བཙུགས་ནི་ཨིན་པས།

བརྒྱུད་འབྲེལ་གྱི་ ལས་སྣ་གོང་འཕེལ་གཏང་ནིའི་དོན་ལས་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ གསར་སྤང་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༥༠༠ དང་ འཆར་གཞི་༡༣ པའི་ནང་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ དངུལ་ཀྲམ་ས་ཡ་༤༣༦ དེ་ལས་ བཀྲིས་བརྒྱུད་འཕྲིན་གྱིས་འབད་བ་ཅིན་ འཆར་དངུལ་ དངུལ་ཀྲམ་ས་ཡ་༨༧༦ བགོ་བཀྲམ་འབད་ཡོདཔ་ཨིན་པས།

ཡོངས་འབྲེལ་གྱི་ མཐུན་རྐྱེན་ལེགས་ཤོམ་མེད་པའི་ས་ཁོངས་ནང་ མོ་བཱ་ཡལ་ཀ་རིང་༨ དང་ མོ་ནོ་པཱོལསི་༦ བཙུགས་ནིའི་དོན་ལུ་ བཀྲིས་བརྒྱུད་འཕྲིན་ཚད་ཀྱིས་ དུས་ཅི་གི་རྩིས་ལོ་ནང་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༢༤ བགོ་བཀྲམ་འབད་ཡོདཔ་ཨིན་པས།

ད་རེས་ འབྲུག་བརྒྱུད་འཕྲིད་ཚད་ལུ་ གསར་སྤང་ལུ་ མོ་བཱ་ཡལ་ཀ་རིང་༣༦ དང་ མོ་ནོ་པཱོལསི་༢༥ ཡོདཔ་ཨིན་པས།

དགེ་ལེགས་ཕུག་ལུང་ཕྱོགས་ཀྱི་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་མཇུག་བསྡུ་མི་ གསར་སྤང་རྫོང་ཁག་ཚོགས་འདུའི་སྐབས་ ལུང་ཕྱོགས་ཀྱི་ འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༨ གསར་སྤང་ལུ་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དགེ་ལུགས་ཕུག་ལུ་ རྒྱུན་བརྟན་ཡོངས་འབྲེལ་གྱི་མཐུན་རྐྱེན་དེ་ མེད་ཐབས་མེདཔ་ཅིག་ ཨིནམ་ད་ འཆར་གཞི་དང་ ལས་སྣ་ཚུ་ དགེ་ལེགས་དྲན་ཤེས་ཁྲོམ་ཚོགས་ཀྱི་ མཁས་མཆོག་ཚུ་གིས་ གསལ་ཞུ་འབད་འོང་ཟེར་ཨིན་པས།

རྒྱུན་བརྟན་གྱི་ མོ་བཱ་ཡལ་ཞབས་ཏོག་བརྒྱ་ཆ་ལས་༡༠༠ བྱིན་ཐབས་དོན་ལས་ གསར་སྤང་ལུ་ མོ་བཱ་ཡལ་ཀ་རིང་ཁ་སྐོང་༢༠ དེ་ཅིག་ དགོས་མཁོ་ཡོདཔ་ད་ ད་རེས་ མོ་བཱ་ཡལ་ཁྱབ་ཚད་ བརྒྱ་ཆ་༩༥ ལས་བརྒལ་ མེདཔ་ཨིན་པས།

འབྲུག་བརྒྱུད་འཕྲིན་ཚད་ཀྱི་ འགོ་དཔོན་དང་འཁྲིལ་བ་ཅིན་ མ་འོངས་འཆར་གཞི་ནང་ མོ་བཱ་ཡལ་ཀ་རིང་༩ དང་ མོ་ནོ་པཱོལསི་༦ རྐྱབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ མོ་བཱ་ཡལ་ཀ་རིང་རེ་གིས་ རྒེད་འོག་༤ དང་༥ རྐྱངམ་གཅིག་ལུ་ ཡོངས་འབྲེལ་གྱི་ ཞབས་ཏོག་བྱིན་ཚུགས་དོ་ཡོདཔ་ད་ ད་རེས་ མོ་བཱ་ཡལ་ཀ་རིང་ཚུ་ ཁྱིམ་གྱི་ཉེ་འདབས་ལས་ཕར་ འབག་དགོཔ་ལས་ མོ་བཱ་ཡལ་ཀ་རིང་རེ་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧ ལས་༨ དེ་ཅིག་ གནས་ནི་མས་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

འབྲུག་བརྒྱུད་འཕྲིན་ཚད་གྱིས་ འོས་འབབ་ཡོད་པའི་ས་ཁོངས་ཚུ་ནང་ ཧེ་མ་ལས་ཡོད་པའི་ ཟངས་ཐག་ཚུ་གི་ཚབ་སྦེ་ ཨོབ་ཊི་ཀཱལ་ ཕའི་བར་ཚུ་ བཙུགས་ནི་ཨིནམ་བཞིན་དུ་ ད་ལྟོ་ ཚབ་བཙུགས་འབད་བའི་བསྒང་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གཞུང་གིས་ ཡོངས་འབྲེལ་ཨིན་ཊར་ནེཊ་ བརྒྱུད་ལམ་༣ འབག་ནི་གི་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ད་ ཌི་ཇི་ཊཱལ་ལུ་བརྟེན་ གུང་པ་རེ་ལུ་ ཕོར་ཇི་ཞབས་ཏོག་དེ་ ངེས་པར་དུ་དགོཔ་སྦེ་ ཐོན་ཡོདཔ་ཨིན་པས།

ད་རེས་ དགེ་ལེགས་ཕུག་རྒྱལ་སྤྱི་གནམ་ཐང་ལུ་ཡོད་པའི་ མོ་བཱ་ཡལ་ཀ་རིང་གིས་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ བྱིན་མི་ཚུགས་དོ་ཡོདཔ་ལས་ གོང་འཕེལ་གྱི་ ལས་སྣ་འགོ་བཙུགས་པ་ཅིན་ ལྷག་པར་དུ་ ལཱ་ཁག་གཏང་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ད་རེས་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ མོ་བཱ་ཡལ་ཀ་རིང་ བཙུགས་པའི་བསྒང་ཡོད་མི་དེ་ ད་རེས་ཀྱི་ཟླཝ་ མཇུག་བསྡུ་ཁམས་ལུ་ རྐྱབ་ཚར་ནི་ཨིན་པས།

དེ་བཟུམ་སྦེ་ ཆུ་འཛོམས་རྒེད་འོག་ བྲག་ཆུ་སྤྱི་འོག་གི་ ཁྱིམ་གུང་པ་༢ ཀྱི་དོན་ལས་ མོ་བཱ་ཡལ་ཀ་རིང་ཅིག་ རྐྱབ་ནི་ཨིན་པས།

གསར་སྤང་ལུ་ ལོ་༥ འི་ གོང་འཕེལ་ལས་སྣ་ཚུ་གི་དོན་ལས་ འཆར་དངུལ་དངུལ་ཀྲམ་ས་ཡ་༨༧༥ བགོ་བཀྲམ་འབད་མི་ལས་ བཀྲིས༌བརྒྱུད༌འཕྲིན༌ཚད༌ཀྱིས༌ ཁ་སྐོང་མོ་བཱ་ཡལ་ཀ་རིང་༦༤ དང་ མོ་ནོ་པཱོལསི་རྐྱབ་ནི་ལུ་ དངུལ་ཀྲམ་ས་ཡ་༥༡༢ བགོ་བཀྲམ་འབད་ནུག།

བཀྲིས་བརྒྱུད་འཕྲིན་གྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ དུས་ཅི་ དབྱེ་ཁག་བཟོ་ཐོག་ལས་ ཁ་སྐོང་ མོ་བཱ་ཡལ་ཀ་རིང་༢༠ དང་ སང་ཕོད་ མོ་བཱ་ཡལ་ཀ་རིང་༡༧ རྐྱབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།

ད་རེས་ གསར་སྤང་ལུ་ བཀྲིས་བརྒྱུད་འཕྲིན་གྱི་ མོ་བཱ་ཡལ་ཀ་རིང་༣༢ ཡོདཔ་ཨིན་པས།

བཀྲིས་བརྒྱུད་འཕྲིན་གྱིས་ བདེ་ཆེན་དཔལ་རི་ལུ་ མོ་བཱ་ཡལ་ཀ་རིང་༢ རྟ་རས་ཐང་ལུ་ མོ་ནོ་པཱོལསི་༡ རྐྱབ་ཚར་ཡོདཔ་ད་ ཁ་སྐོང་མོ་བཱ་ཡལ་ཀ་རིང་དང་ མོ་ནོ་པཱོལསི་རྐྱབ་ནིའི་དོན་ལས་ འོས་འབབ་བརྟག་ཞིབ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།

བཀྲིས་བརྒྱུད་འཕྲིན་གྱིས་ དགེ་ལེགས་ཕུག་ལུ་ ཌ་ཊ་ལྟེ་བ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ མ་འོངས་ལོ་༥ འི་ནང་ ད་རུང་ ཌ་ཊ་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ འཆར་གཞི་ཡོདཔ་ཨིན་པས།

ས་ཁོངས་དང་འཁྲིལ་ཏེ་ ད་ལྟོ་ ཕའི་ཇི་ཞབས་ཏོག་དེ་ ས་ཁོངས་༨ ལས་བརྒལ་མེདཔ་ལས་ ས་ཁོངས་༢༠ རྒྱ་སྐྱེད་གཏང་ནིའི་དོན་ལུ་ འཆར་དངུལ་དེ་ཡང་ དངུལ་ཀྲམ་ས་ཡ་༡༠༦ བགོ་བཀྲམ་འབད་དེ་ཡོདཔ་ད་ འཕྲུལ་རིག་གསརཔ་དང་གཅིག་ཁར་ ཕའི་བི་རི་ཊི་ཧོམ་ གཞི་བཙུགས་འབད་ནི་གི་ དངུལ་ཀྲམ་ས་ཡ་༡༥ བགོ་བཀྲམ་འབད་དེ་ ཡོདཔ་ཨིན་པས།

ལས་སྣ་གཞན་ཚུ་ མོ་བཱ་ཡལ་ཌ་ཊ་ལྷན་ཐབས་དང་ ཨིན་ཊཱར་ནེཊ་གླར་སྤྱོད་ ཨེ་སི་མེསི་ཞབས་ཏོག་ལ་སོགས་པ་ཚུ་ཡང་ ཚུད་དེ་ཡོད་པའི་གནས་ཚུལ།

 

 

ཨོ་རྒྱན་རྡོ་རྗེ།

Advertisement