བཀྲིས་ཕུན་ཚོགས།

  རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ གནད་སྡུད་དང་འཁྲིལཝ་ད་ མི་ཚུ་གིས་ བརྡུང་རྫོབ་འབད་མི་དེ་ ཁྲིམས་འགལ་བྱ་ངན་ཚུ་གི་གྲས་ལས་ བརྒྱ་ཆ་༧༨ ཨིན་མས་ཟེར་ཨིན་པས།

སྤྱི་ལོ་༢༠༢༤ ཟླ་༡ པ་ལས་ ཟླ་༤ པའི་བདུན་ཕྲག་༢ པ་ཚུན་ རྒྱལ་ཁབ་ནང་ ཁྲིམས་འགལ་གནད་དོན་༡,༢༡༠ ཐོན་མི་ལས་ མཐོ་ཤོས་ར་ ཐིམ་ཕུག་ལུ་ གནད་དོན་༤༢༤ དང་ ཕུན་ཚོགས་གླིང་ལུ་༢༣༡ དེ་ལས་ དགེ་ལེགས་ཕུག་ལུ་༡༣༥ ཐོན་ནུག་ཟེར་ཨིན་པས།

འདས་པའི་ལོ་ཚུ་དང་ཕྱདཔ་ད་ སྤྱི་ལོ་༢༠༢༢ ལུ་ མི་ཚུ་གིས་ ཁྲིམས་འགལ་བྱ་ངན་འབད་མི་དེ་ གློ་བུར་དུ་ ཡར་འཕར་སོང་ནུག་ཟེར་ཨིན་པས།

ཁྲིམས་འགལ་འབད་མི་ཚུ་གི་གྲས་ལས་ མཐོ་ཤོས་ར་ བརྡུང་རྫོབ་འབད་མི་གནད་དོན་དེ་ཨིནམ་ད་ དེ་ལུ་བརྟེན་ ཁྲིམས་འགལ་གྱི་གནད་དོན་ཡར་སེང་འབད་ནི་ལུ་ བརྒྱ་ཆ་༧༨ ལྷན་ཐབས་འབད་བའི་ཤུལ་ལས་ གནོད་བཀལ་དང་ ཡང་ཅིན་ ཉེས་སྤྱོད་ཁྲིམས་འགལ་དེ་གིས་ རྒྱལ་ཁབ་ཀྱི་ ཁྲིམས་འགལ་གནད་དོན་ཡར་སེང་འབད་ནི་ལུ་ བརྒྱ་ཆ་༦ གིས་ ཕན་གྲོགས་འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༢ ལུ་ ཁྲིམས་འགལ་བྱ་ངན་གྱི་ གནད་དོན་༩༩༦ ཐོན་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༡ དང་ཕྱདཔ་ད་ བརྒྱ་ཆ་༡.༠༢ གིས་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ལོ་༢༠༢༠ ལུ་ཡང་ ཁྲིམས་འགལ་འབད་མི་ཚུ་གི་གྲས་ལས་ གནད་དོན་མཐོ་ཤོས་ར་ བརྡུང་རྫོབ་དང་ ཡང་ཅིན་ བཅག་དཀྲུམ་འབད་མི་དེ་ཨིནམ་ད་ དེ་ལུ་བརྟེན་ ཁྲིམས་འགལ་གནད་དོན་ཡར་སེང་འབད་ནི་ལུ་ བརྒྱ་ཆ་༧༩ གིས་ ལྷན་ཐབས་འབད་བའི་ཁར་ དེ་གི་ཤུལ་ལས་ ཕོ་སྐྱེས་ཚུ་གིས་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཚུ་ལུ་ བང་བཙོང་ལུས་འབྲེལ་འབད་བའི་གནད་དོན་བརྒྱ་ཆ་༦ ཡོདཔ་ཨིན་པས།

གཞན་དལ་གཞི་འབད་བ་ཅིན་ གནད་སྡུད་ནང་ འབྲུག་ལུ་ ཁྲིམས་འགལ་གྱི་གནད་དོན་ཚུ་ མར་བབས་སོང་ཡོདཔ་སྦེ་ འདས་པའི་ལོ་ཚུ་ནང་ སྙན་ཞུ་འབད་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ཁྲིམས་འགལ་གནད་དོན་མར་བབས་སོང་ཡོདཔ་སྦེ་ སྙན་ཞུ་འབད་མི་དེ་ཡང་ སྤྱི་ལོ་༢༠༡༨ ལུ་ ཁྲིམས་འགལ་གནད་དོན་༤,༣༡༠ ཡོད་མི་དེ་ སྤྱི་ལོ་༢༠༢༡ ལུ་ གནད་དོན་༢,༨༡༩ ལུ་ མར་བབས་སོང་ཡོདཔ་སྦེ་ སྙན་ཞུ་འབད་རུང་ སྤྱི་ལོ་༢༠༢༢ ལུ་ གནད་དོན་༣,༥༠༢ གུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།

རྒྱལ་ཁབ་ནང་ ཁྲིམས་འགལ་གནད་དོན་ཡར་སེང་སོང་མི་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ མི་མང་གི་མཐའ་དོན་དང་ ཉེན་སྲུང་བཞག་ཐབས་ལུ་ ཁྲིམས་ལུགས་ཚུ་ སྒྲིང་སྒྲི་སྦེ་ ལག་ལེན་འཐབ་ནི་ཨིན་ཟེར་ ཁས་ལེན་འབད་ཡོདཔ་བཞིན་དུ་ དུས་མཐུན་ལུ་ ཁྲིམས་སྲུང་འགག་སྡེ་གིས་ གོ་བརྡའི་ལས་རིམ་དང་ མི་སྡེའི་ནང་ ཁྲིམས་སྲུང་ཞབས་ཏོག་ཡར་སེང་འབད་ཐབས་ལུ་ འབད་བརྩོན་འབད་བཞིན་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ དམར་བསད་འབད་མིའི་གནད་དོན་ཚུ་ བྱུང་མི་དང་འཁྲིལ་ མི་མང་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅན་ཅིག་གི་གནས་སྟངས་ནང་ ལྷོད་ཡོདཔ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཁྲིམས་འགལ་དང་འགོ་འདྲེན་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ རྒྱལ་ཁབ་ནང་ དྲག་ཐོག་ཁྲིམས་འགལ་འབད་མི་དེ་ དཀོན་དྲགས་ཨིན་ཟེར་ བཤདཔ་ཨིན་པས།

ང་བཅས་ཀྱིས་ དོན་དག་མེད་པར་ མི་ཚུ་གི་བར་ན་ ཚ་གྱང་ལང་མི་བཅུག་ཟེར་ ཁྲིམས་སྲུང་ལས་བྱེདཔ་ཚུ་གིས་ བཤད་ཡོདཔ་བཞིན་དུ་ མི་མང་གི་ཉེན་སྲུང་དོན་ལུ་ འདྲོག་བྱེལ་འཐབ་དགོཔ་མེད་པའི་ཁར་ དེ་བཟུམ་གྱི་ ཁྲིམས་འགལ་འབད་མི་གནད་དོན་དེ་ དཀོན་དྲགས་ཅན་ཨིནམ་ལས་ མ་བདེན་པའི་ལོ་རྒྱུས་དང་ རྐྱེན་ངན་འབྱུང་ནིའི་གནས་སྟངས་ནང་ ལྷོད་ར་མ་ལྷོད་ཟེར་ཨིན་པས།

རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ དུས་ཅི་ སྤྱི་ཟླ་༡ པ་ལས་ སྤྱི་ཟླ་༤ པའི་ཟླ་ཕྱེད་ཚུན་ དྲག་ཐོག་ལུ་ དམར་བསད་འབད་མིའི་གནད་དོན་༨ ལྷོད་ཡོད་པའི་གནས་ཚུལ།

Advertisement