༉ ཁ་ཙ་དྲོ་པ་ ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་གིས་ ལྡོག་ཕྱོགས་ཚོགས་པའི་ སྤྱི་ཚོགས་ཀྱི་འཐུས་མི་ཅིག་གིས་ ལོ་༢ ཀྱི་ཧེ་མར་ བུམོ་ཅིག་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ དོགས་པ་ལུ་བརྟེན་ འཛིན་བཟུང་འབད་ནུག།
ཨིན་རུང་ ཁྲིམས་འདུན་གྱིས་ ཁྲིམས་མཐུན་ངོས་ལེན་འབད་བའི་ཤུལ་ལས་ དེ་ཚེ་ར་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཐུས་མི་གི་བཀག་སྲུང་དེ་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ དུས་ཚོད་རྫོགས་ནུག་ཟེར་ཨིནམ་ད་ སྤྱི་ཚོགས་ཀྱི་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ སྤྱི་ཚོགས་ཀྱི་ ཚོགས་བཞུགས་འགོ་མ་བཙུགས་པའི་ཧེ་མར་ ཉིན་གྲངས་༡༥ དང་ ཚོགས་བཞུགས་མཇུག་བསྡུ་སྟེ་ ཉིན་གྲངས་༡༥ འི་ནང་འཁོད་ལུ་ འཛིན་བཟུང་འབད་མ་ཆོགཔ་སྦེ་ ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ ཁྲིམས་འདུན་ལས་ འཛིན་བཟུང་འབད་ཆོག་པའི་ གནང་བ་ལེན་པའི་ཤུལ་ལས་ སྤྱི་ཚོགས་ཀྱི་འཐུས་མི་དེ་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
འཐུས་མི་གིས་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་ལུ་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ ཉེས་འཛུགས་ག་ར་ ངོས་ལེན་མེདཔ་སྦེ་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་ལུ་ བདེན་པ་འཐོབ་ནིའི་དོན་ལུ་ གནད་དོན་དེ་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
གནད་དོན་ཤེས་མི་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ འཐུས་མི་གིས་ ཁོ་རའི་ཁྲིམས་རྩོདཔ་དང་གཅིག་ཁར་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་ནང་ འོང་ཡོདཔ་སྦེ་ཨིན་པས།
ཉམས་རྒུད་པའི་ ཨའི་གིས་ མོ་རའི་སྐྱེས་ལོ་༡༦ ལང་མི་བུམོ་དེ་ སྨན་བཅོས་འབད་བར་ འོང་བའི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༩ ལུ་ རྩོད་རྙོགས་དེ་ པདྨ་དྲུང་ཆེན་ཡིག་ཚང་གིས་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་ལུ་ བཙུགས་ཡོདཔ་ཨིན་པས།
བུམོ་དེ་གི་ ཨའི་གིས་ བཀོད་མིའི་ནང་ འཐུས་མི་ཁོ་ར་ ལོ་༢ ཀྱི་ཧེ་མར་ ནུབ་སྦིས་རྒེད་འོག་ནང་ བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ མོ་གི་བུམོ་དེ་ལུ་ འདོད་སྤྱོད་གནོད་འཚེ་འབད་ཡོདཔ་སྦེ་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ བུམོ་དེ་གི་ ཨའི་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ འཐུས་མི་གིས་ མོ་གི་ཁྱིམ་ནང་སོང་སྟེ་ བུམོ་གི་ ཨོམ་གཡོནམ་གུ་ བཤེད་ནུག་ཟེར་ཨིནམ་ད་ དེ་བསྒང་ ཨའི་དེ་ མོ་རའི་ཆ་རོགས་ཚུ་དང་ ཤ་མུ་འཚོལ་བར་ སོང་ཡོདཔ་ཨིན་པས།
བུམོ་གི་བཟའ་ཚང་དེ་ སྤྱི་ཚོགས་ཀྱི་འཐུས་མིའི་ ཁྱིམ་གྱི་ཉེ་འདབས་ ཁོ་གི་ཕོ་རྒནམ་གི་ ཁྱིམ་ཆུང་ཀུ་ཅིག་ནང་ སྡོད་དོ་ཡོདཔ་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ འཐུས་མི་གིས་ ཀུན་གསལ་ལུ་ ཉེས་འཛུགས་དེ་ ངོས་ལེན་མེདཔ་སྦེ་ བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གནད་དོན་བྱུང་བའི་སྐབས་ ཁོ་ར་ ཕྱི་ཁར་ཆུ་གཡུར་ཕྱགས་ཏེ་སྡོད་ཡོདཔ་ད་ བུམོ་གི་ ཁྱིམ་ནང་ཡང་ ཕྱགསམ་ས་ཀྲ་ཅིག་ ལེན་པར་སོང་ཡི་ཟེར་ཨིན་པས།
དེ་བསྒང་ བུམོ་དེ་ མལ་ཆ་གིས་སྤུར་ཏེ་ ཉལ་སྡོད་སར་མཐོང་ཡོདཔ་ལས་ མལ་ཆ་འཐེན་པའི་སྐབས་ རྟོག་མེད་དུ་ བུམོ་དེ་ལུ་ རེག་ནུག་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ གནད་དོན་དེ་ དེ་བསྒང་ལས་ ནང་འགྲིག་འབད་དེ་ བསལ་ཡོདཔ་ཨིན་པས།
བུམོ་གི་ཨའི་གིས་ སླབ་མིའི་ནང་ འཐུས་མི་གིས་ མོ་གི་བུམོ་ལུ་ གློག་རིག་ལེབ་ཊོབ་བྱིན་ཡོདཔ་ད་ ཨིན་རུང་ འཐུས་མི་གིས་ སླབ་མི་དང་འཁྲིལཝ་ད་ ལེབ་ཊོབ་རྙིངམ་ཅིག་ བུམོ་གི་བཟའ་ཚང་ལུ་ བྱིན་ཡོདཔ་ལས་ གནད་དོན་དེ་ལུ་ འབྲེལ་བ་ག་ནི་ཡང་ མེད་ཟེར་ཨིན་པས།
འཐུས་མི་གིས་ སླབ་མིའི་ནང་ བུམོ་གི་ བཟའ་ཚང་ལུ་ གོ་ལ་དང་ ཅ་ཆས་གཞན་ཚུ་ཡང་ བྱིན་ནི་ཡོད་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཉམས་རྒུདཔ་བུམོ་དང་ ཨའི་གིས་ པདྨ་དྲུང་ཆེན་ཡིག་ཚང་ནང་ སྨན་བཅོས་འབད་བར་ སོང་མི་དེ་ཡང་ བུམོ་དེ་ བདེ་ཏོག་ཏོ་མེད་པའི་ཁར་ ཧེ་མའི་ གནད་དོན་དེ་ ལོག་དྲན་མི་ལུ་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement