༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་མངའ་སྡེ་ གུ་ཇ་རཱཊ་ ཁཱབ་ད་ལུ་ ཨ་ད་ནི་སྔོ་ལྗང་ནུས་ཤུགས་ཚད་འཛིན་གྱིས་ འཛམ་གླིང་ནང་ སླར་འབྱུང་ནུས་ཤུགས་ལས་འགུལ་ སྦོམ་ཤོས་བཟོ་སྐྲུན་འབད་མི་ ནུས་ཤུགས་མེ་ག་ཝཱཊ་༣༠,༠༠༠འབད་མི་ ཧའེ་བི་རིཌ་ སླར་འབྱུང་ནུས་ཤུགས་གླིང་ག་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གིས་ ཨ་ད་ནི་པོརཊི་དང་ ཨེསི་ཨི་ཛེཊ་ཚད་འཛིན་གྱིས་ བདག་དབང་དང་ ལག་ལེན་འཐབ་མི་ རྒྱ་གར་གྱི་ དོ་ཕབ་སྐྱེལ་གྲུ་ཚུགས་སྦོམ་ཤོས་དང་ ཚོང་འབྲེལ་གྲུ་ཚུགས་སྦོམ་ཤོས་ཨིན་མི་ མཱུན་ད་ར་ དོ་ཕབ་སྐྱེལ་གྲུ་ཚུགས་ས་ཁོངས་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
ད་རིས་ མི་དབང་མཆོག་གིས་ ཨ་མི་ད་བཱད་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཚོང་འབྲེལ་རྫོང་ཁག་ལྟེ་བ་ གུ་ཇ་རཱཊ་རྒྱལ་སྤྱི་དངུལ་ལས་འཕྲུལ་རིག་ས་ཁོངས་ནང་ གཟིགས་ཞིབ་གནང་ནིའི་ ལས་རིམ་ཡོདཔ་ད་ དེ་ཡང་ རྒྱ་གར་གྱི་ སྔོ་ལྗང་སི་མརཊི་ཁྲོམ་ཚོགས་དང་ རྒྱལ་སྤྱི་དངུལ་འབྲེལ་ཞབས་ཏོག་ལྟེ་བ་སྦེ་ འགོ་དང་པ་ ལག་ལེན་འཐབ་ནི་ཨིན་པས།
བློན་ཆེན་གྱིས་ཕྱག་ཞུ་སྟེ་ རྒྱ་གར་ གུ་ཇ་རཱཊ་ལུ་ ཉིན་གྲངས་༣ གྱི་ གཟིགས་ཞིབ་གནང་པའི་ཤུལ་ལུ་ མི་དབང་མཆོག་ ད་རིས་ འབྲུག་ལུ་ ལོག་ཕེབས་གནང་ནི་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement