༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ ལྷན་འཛིན་ཚུ་ བསྐོ་བཞག་གནང་ཡོདཔ་ཨིན་པས།

དེ་ཡང་ མཐའ་འཁོར་དང་ གནམ་གཤིས་འགྱུར་བགྲོད་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བཀྲིས་དཔལམོ་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།

ལྷན་འཛིན་༤ པོ་དེ་ཡང་ བཀྲིས་གཡང་རྩེ་རྫོང་བདག་ བ་བུ་རཱམ་ཤེར་པ་དང་ སོ་ནམ་ཚོང་ལས་དང་མཉམ་ལས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀུན་ལེགས་ཚེ་རིང་ གསར་སྤང་རྫོང་བདག་ བློ་བཟང་རྡོ་རྗེ་ འབྲུག་སི་ལའེསི་སྒེར་སྡེ་ཚད་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་ ཚེ་རིང་སྲིད་རྒྱལ་རྡོ་རྗེ་(མཁས་དབང་)ཨིན་པས།

ཁྲི་འཛིན་དྲགོས་ཀརྨ་ལྷ་མོ་རྡོ་རྗེ་གིས་ འགོ་ཁྲིད་འབད་མི་ ལྷན་ཚོགས་༣ པའི་ ལོ་༥ འི་གནས་ཡུན་དེ་ སྤྱི་ལོ་༢༠༢༤ ཟླ་༤ པའི་ཚེས་༡༦ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༦.༢ དང་འཁྲིལཝ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ ལྷན་འཛིན་ཚུ་ འབྲུག་རྒྱལ་པོ་མཆོག་གིས་ བསྐོ་བཞག་གནང་དགོཔ་སྦེ་ཨིནམ་ད་ དེ་ཡང་ བློན་ཆེན་དང་ འབྲུག་གི་ཁྲིམས་སྤྱི་ ཚོགས་དཔོན་ རྒྱལ་ཡོངས་ཚོགས་འདུའི་ཁྲི་འཛིན་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ རྒྱབ་སྣོན་འབད་མི་ མིང་ཐོ་ཕུལ་མི་ཚུ་དང་བསྟུན་ཨིན་པས།

བཙན་སྐྱོགས་དབང་འདུས།

(གཡོན་ལས་གཡས་ཁ་ཐུག་) བློ་བཟང་རྡོ་རྗེ་དང་ ཀུན་ལེགས་ཚེ་རིང་ བཀྲིས་དཔལམོ་(ཁྲི་འཛིན་) བ་བུ་རཱམ་ཤེར་པ་ དེ་ལས་ ཚེ་རིང་སྲིད་རྒྱལ་རྡོ་རྗེ།

Advertisement