༉ སྤྱི་ཟླ་༡༠ པའི་ཚེས་༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སིཌ་ནི་ལས་ ཀེན་བི་ར་ལུ་ ཕེབས་ཡོདཔ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ འབྲུག་པའི་མི་སྡེ་ཚུ་ལུ་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
ཁ་ཙ་དྲོ་པ་ མི་དབང་མཆོག་གིས་ ཀེན་བི་ར་ལུ་ སྤྱི་ཚོགས་ཁང་ནང་སྦེ་ ཨཱསི་ཊེ་ལི་ཡ་གི་ བློན་ཆེན་ཨེན་ཐོ་ནི་ ཨཱལ་བ་ནིསི་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
ཉིན་མ་ མི་དབང་མཆོག་གིས་ ཀེན་བི་ར་ཁྲོམ་གྱི་ འཆར་གཞི་དང་ གོང་འཕེལ་འགོ་དཔོན་ཚུ་གིས་ ཀེན་བི་ར་དེ་ ཕེ་ཌི་རཱལ་རྒྱལ་ས་ཅིག་སྦེ་ གོང་འཕེལ་གཏང་མིའི་སྐོར་ལས་ གསལ་བཤད་འབད་མི་དེ་ གཟིགས་གནང་ཡོདཔ་ད་ དེ་གི་ཤུལ་ལས་ ཚོང་འབྲེལ་འགོ་དཔོན་དང་ འབྲུག་གི་ཆ་རོགས་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
མི་སྟོང་ཕྲག་༥ དེ་ཅིག་གིས་ ཀེན་བི་ར་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་དང་ རྒྱལ་སྲས་ཨྱོན་དབང་ཕྱུག་ དེ་ལས་ རྒྱལ་སྲསམོ་བསོད་ནམས་དབྱངས་སྒྲོན་དབང་ཕྱུག་དང་ མཇལ་ཕྲད་ཞུ་ནིའི་དོན་ལུ་ འཛོམས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ལོ་ལེ་ཤ་ཅིག་གི་རྒྱབ་ལས་ ངོ་ཤེས་མི་དང་ ཨ་ལོ་ དེ་ལས་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ བཟའ་ཚང་འཕྱེལ་མི་ཚུ་དང་ མཇལ་ཕྲད་གནང་སྟེ་ དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ གསུངས་མིའི་ནང་ འབྲུག་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ནང་ ལེགས་ཤོམ་སྦེ་ སྡོད་སར་མཐོང་མི་དེ་ལུ་ ངལ་རངས་ཡོད་པའི་ཁར་ ཨཱསི་ཊེ་ལི་ཡ་དང་ རང་གི་རྒྱལ་ཁབ་ནང་སྡོད་མི་ བཟའ་ཚང་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ ལཱ་རྩ་འགེངསས་འབད་དགོ་པའི་ སེམས་ཤུགས་དང་ སྐུལ་མ་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་དང་ འབྲུག་མི་ཚུ་གི་ ད་ལྟོ་དང་ མ་འོངས་པའི་ ཉེན་སྲུང་དང་ ཡར་རྒྱས་ཀྱི་དོན་ལུ་ འབྲུག་ལུ་ རྩོལ་སྒྲུབ་ཚུ་གི་སྐོར་ལས་ གསལ་བཤད་གནང་ཡོདཔ་ཨིན་པས།
སིཌ་ནི་ལུ་བཟུམ་སྦེ་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ལས་ སྡེ་ཚན་ཅིག་གིས་ དུས་མཐུན་གནས་ཚུལ་ཚུ་ གསལ་བཤད་འབད་ཡོདཔ་མ་ཚད་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ བཟོ་སྐྲུན་འབད་ནིའི་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ཉིནམ་དེ་ཁར་ མི་ཚུ་དང་གཅིག་ཁར་ གསུང་གྲོས་གནང་ཡོདཔ་བཞིན་དུ་ འབྲུག་པའི་མི་སྡེ་གིས་ ལམ་སྲོལ་གྱི་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
མི་དབང་མཆོག་དང་ རྒྱལ་བཙུན་ དེ་ལས་ སྲས་སྲོས་ཚུ་ པཱརཐི་ལུ་ ཆིབས་སྐྱོད་གནང་ནི་ཨིནམ་ད་ པཱརཐི་དེ་ འབྲུག་མི་ཕྱི་རྒྱལ་ལུ་སྡོད་མི་ མི་སྡེ་སྦོམ་ཤོས་ཅིག་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།


མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ ཨཱསི་ཊེ་ལི་ཡ་གི་ བློན་ཆེན་ཨེན་ཐོ་ནི་ ཨཱལ་བ་ནིསི།

Advertisement