༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ རྒྱ་གར་ལུ་ ཉིན་གྲངས་༢ འབད་མི་ གཞུང་འབྲེལ་གཟིགས་སྐོར་ གནང་པའི་བསྒང་ཡོདཔ་བཞིན་དུ་ ཁ་ཙ་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ ལོག་ཀལ་ཡཱན་ མཱག་ལུ་ གཞུང་འབྲེལ་གནས་བཞུགས་ཁང་ནང་སྦེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དཱི་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
བློན་ཆེན་གྱིས་ མི་དབང་རྒྱལ་བཙུན་རྣམ་༢ ལུ་ ཉིན་མའི་གསོལ་སྟོན་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལྡི་ལི་ལུ་ཕེབས་པའི་སྐབས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེསི་ ཇའེ་ཤཱན་ཀར་གྱིས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས།
ཉིན་མ་ ཌོག་ཊར་ཨེསི་ ཇའེ་ཤཱན་ཀར་དང་ རྒྱ་གར་གྱི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་སྟོན་པ་ ཨ་ཇིཊ་ ཌོ་བཱལ་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།
གཟིགས་སྐོར་གནང་མི་དེ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ དུས་རྒྱུན་ཆེ་རིམ་གནས་ཚད་ཐོག་ བརྗེ་སོར་འབད་བའི་ བརྡ་མཚོན་སྟོན་པའི་ཁར་ རྒྱལ་ཁབ་༢ ཀྱི་ དམིགས་བསལ་མཐུན་ལམ་དང་ མཉམ་འབྲེལ་ཡོད་མི་དེ་ ལྷག་པར་དུ་ རྩ་བརྟན་བཟོ་ཚུགས་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།