༉ འབྲུག་གི་མི་སྡེའི་ནང་ མཐུད་འབྲེལ་དང་ འཇོན་དྲགས་ དེ་ལས་ གོང་འཕེལ་མདུན་སྐྱོད་འབད་ནི་ལུ་ ཌི་ཇི་ཊཱལ་གཞི་སྒྱུར་དེ་ ཐབས་ལམ་གཙོ་བོ་ཅིག་ཨིན་པས།
དུས་རབས་༢༡ པའི་ནང་ རྒྱལ་ཁབ་ཚུ་ ཌི་ཇི་ཊཱལ་ལུ་ གཞི་སྒྱུར་འབད་དོ་ཡོདཔ་ལས་ འབྲུག་གིས་ འཛམ་གླིང་གནས་སྟངས་འབྲེལ་འཛིན་དང་ དེ་ཁའི་མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ལྷན་ཐབས་ལུ་ དུས་ཚོད་ཁར་ ལག་ལེན་འཐབ་ནི་དེ་ གལ་ཅན་ཅིག་ཨིན་པས།
འདས་པའི་ལོ་ཚུ་ནང་ རིམ་བཞིན་བྱུང་སྟེ་འོང་མི་ འབྲུག་གཞུང་གིས་ ཌི་ཇི་ཊཱལ་གཞི་རྟེན་ལུ་ མ་རྩ་གཞི་བཙུགས་སྦོམ་སྦེ་ར་ འབད་ཡོདཔ་ད་ མི་རློབས་བརྒྱ་ཆ་༩༠ ལུ་ ཡོངས་འབྲེལ་ཞབས་ཏོག་ཐོབ་སྤྱོད་དང་ གཞུང་ལས་མི་སེར་གྱི་ཞབས་ཏོག་ རྒྱལ་ཡོངས་ཨང་ཅན་ངོ་རྟགས་ལམ་ལུགས་ ཡོངས་འབྲེལ་ཐོག་ལས་ལྷབ་སྦྱང་གི་གོ་སྐབས་ སློབ་གྲྭ་ཚུ་ནང་ བརྡ་དོན་འཕྲུལ་རིག་ ཌི་ཇི་ཊཱལ་དངུལ་སྤྲོད་ལམ་ལུགས་ དེ་ལས་ ཌི་ཇི་ཊཱལ་གསོ་བའི་ཐོ་བཀོད་ཀྱི་ ཞབས་ཏོག་ཚུ་ བྱིན་བཞིན་ཡོདཔ་ཨིན་པས།
གྲུབ་འབྲས་དེ་ཚུ་བྱུང་རུང་ འཕྲུལ་རིག་གསརཔ་དང་ གཞུང་གི་ཞབས་ཏོག་ཡར་དྲག་གཏང་ནི་ ཚོང་འབྲེལ་ལག་ལེན་ནང་ དྭངས་གསལ་ལྷན་ཐབས་ གསོ་བ་དང་ཤེས་རིག་ དེ་ལས་ མི་མང་ཞབས་ཏོག་ཡར་དྲག་གཏང་ནི་གི་ འོས་འབབ་སྦོམ་ཡོད་རུང་ དམིགས་བསལ་དུ་ གྲོང་གསེབ་ཚུ་ནང་ ཌི་ཇི་ཊཱལ་དང་འབྲེལ་བའི་ དཀའ་ངལ་ཚུ་ ཐོན་བཞིན་དུ་ ཡོདཔ་ཨིན་པས།
ཁ་ཙ་ འབྲུག་གསར་བཏོད་གྲོས་འཛོམས་ནང་ ཌི་ཇི་ཊཱལ་གཞི་སྒྱུར་མཁས་མཆོག་ ཕོ་རི་ཡན་ མར་གུསི་གིས་ སླབ་མིའི་ནང་ མཐར་འཁྱོལ་ཅན་གྱི་རྩོལ་སྒྲུབ་དེ་ མི་ཚུ་ལུ་ ཁེ་ཕན་ཅན་ཅིག་དགོཔ་ད་ མི་ཚུ་ལུ་ ཁེ་ཕན་ཐབས་ལམ་དེ་ གཞུང་དང་ མི་སེར་ཚུ་གི་བར་ན་ བློ་གཏད་ཅན་བཟོ་དགོཔ་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཌི་ཇི་ཊཱལ་གཞི་བཀོད་དེ་ གལ་ཅན་ཅིག་ཨིན་པའི་ཁར་ ཌི་ཇི་ཊཱལ་བྱ་རིམ་ནང་ དཀང་འལ་ཡོད་མི་གི་ བཅའ་ཁྲིམས་དང་ བཅའ་ཡིག་ཚུ་ དུས་མཐུན་འབད་དགོ་ཟེར་ཨིན་པས།
ཕོ་རི་ཡན་ མར་གུསི་གིས་ སླབ་མིའི་ནང་ ཨིས་ཊོ་ནི་ཡ་དང་ སིངྒ་པུར་དེ་ མིག་དཔེ་བཟང་པོ་ཅིག་ཨིནམ་ལས་ འབྲུག་གིས་ཡང་ གཞུང་དང་མི་སེར་ཕན་ཚུན་འབྲེལ་ལྷན་ཐབས་དང་ ཌི་ཇི་ཊཱལ་ཉམས་མྱོང་ལེགས་ཤོམ་བཟོ་ནི་ལུ་ ལག་ལེན་དྲག་ཤོས་དེ་ དང་ལེན་འབད་དགོ་ཟེར་ཨིན་པས།
ཨིས་ཊོ་ནི་ཡ་གི་ མི་སེར་ཚུ་གིས་ རང་སོའི་གནས་སྡུད་དང་ སྒེར་གསང་ལག་ལེན་འཐབ་ནི་ལུ་ བློ་གཏད་དང་ ཡིག་ཆེས་ཡོདཔ་ད་ ཁོང་རའི་ངོ་རྟགས་དེ་ གཞུང་གི་ ཐོབ་སྤྱོད་འབད་བ་ཅིན་ བལྟ་ཚུགསཔ་ཨིན་ཟེར་ཨིན་པས།
ཕོ་རི་ཡན་ མར་གུསི་དང་འཁྲིལ་བ་ཅིན་ འབྲུག་གིས་ བཅོས་རིག་དང་ མི་ལུ་ཁེ་ཕན་ཅན་གྱི་ ཌི་ཇི་ཊཱལ་ཞབས་ཏོག་ དེ་ལས་ ཌི་ཇི་ཊཱལ་གནས་སྟངས་ ལྷན་ཐབས་ལུ་ གནས་སྡུད་བརྗེ་སོར་ སྒྲིང་སྒྲི་བཟོ་དགོ་ཟེར་ཨིན་པས།
ཨེ་ཤི་ཡ་པེ་སི་ཕིག་གི་ མཐུད་འབྲེལ་དང་ཐོབ་སྤྱོད་སྲིད་བྱུས་ཀྱི་འགོ་འཛིན་ བསྟན་འཛིན་ནོར་བུ་གིས་ སླབ་མིའི་ནང་ འབྲུག་གིས་ རྒྱལ་ཡོངས་དམིགས་ཡུལ་ དགེ་ལེགས་དྲན་ཤེས་ཁྲོམ་ཚོགས་གོང་འཕེལ་དང་ སྤྱི་ལོ་༢༠༣༤ ལས་ རྒྱལ་ཡོངས་དཔལ་འཛོམས་དཔལ་འབྱོར་འགྱོ་ནི་ དེ་ལས་ འཆར་གཞི་༡༣ ཐོག་ལས་ དཔལ་འབྱོར་བྱ་སྒོ་ཚུ་ གྲུབ་ནི་ལུ་ ཌི་ཇི་ཊཱལ་གཞི་སྒྱུར་དང་ རིམ་སྒྲིག་འབད་དགོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བསམ་བློ་བསྒྱུར་བཅོས་དང་ ཌི་ཇི་ཊཱལ་དོན་སྨིན་ཅན་གྱི་ བྱ་སྒོའི་དོན་ལུ་ ལས་ཚོགས་ནང་ སྟབས་མ་བདེཝ་ཡོད་མི་ཚུ་ སེལ་ཐབས་འབད་དགོཔ་ད་ ང་བཅས་རའི་ ཡོངས་འབྲེལ་ཐོག་གི་ ཞབས་ཏོག་ཚུ་ནང་ ཁྲིམས་རྟགས་དགོས་མཁོ་ཡོདཔ་ལས་ དེ་ཚུ་ལུ་ མནོ་བསམ་གཏང་དགོཔ་ ཡོད་ཟེར་ཨིན་པས།
བསྟན་འཛིན་ནོར་བུ་གིས་ སླབ་མིའི་ནང་ ཌི་ཇི་ཊཱལ་ཞབས་ཏོག་དེ་ གོང་འཕེལ་གཏང་དགོཔ་ལས་ གློག་ཐོག་དབང་བཙོང་དང་ ཡོངས་འབྲེལ་གཡོ་སྒྱུ་ གཡོ་འཕྲུལ་ དེ་ལས་ ངོ་རྟགས་ཨར་རྐུན་གདོང་ལེན་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས།
ཌི་ཇི་ཊཱལ་གཞི་སྒྱུར་འབད་ནི་ལུ་ རྒྱ་ཆེ་བའི་གནས་སྡུད་ཚུ་ བསྡུ་ལེན་འབད་ནི་ གལ་ཅན་ཅིག་ཨིནམ་ད་ དཔེར་ན་ སིངྒ་པུར་གྱི་ མི་མང་སྐྱེལ་འདྲེན་ཞབས་ཏོག་དེ་ ཐོབ་སྤྱོད་དང་ སྟབས་བདེ་ཏོག་ཏོ་སྦེ་ཡོད་མི་དེ་ཡང་ འཆར་གཞི་རྒྱས་པར་དང་ གནས་སྡུད་ཚུ་ ལེགས་ཤོམ་སྦེ་ ཐོབ་མི་ལུ་བརྟེན་ཨིན་ཟེར་ བསྟན་འཛིན་ནོར་བུ་གིས་ བཤདཔ་ཨིན་པས།
འབྲུག་གཞུང་འཕྲུལ་རིག་གི་དྲུང་ཆེན་ འཇིགས་མེད་བསྟན་འཛིན་གྱིས་ སླབ་མིའི་ནང་ གཞུང་གིས་ མི་སེར་ཚུ་ལུ་ རྒྱུན་བརྟན་ཅན་གྱི་ ཞབས་ཏོག་ཚུ་ བྱིན་ཏེ་ཡོདཔ་ད་ དཔེར་ན་ གཞུང་གིས་ ཌི་ཇི་ཊཱལ་གཞི་སྒྱུར་དང་ རང་དབང་ངོ་རྟགས་ རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ སྒེར་སྡེ་ལས་ ལག་ལེན་དྲག་ཤོས་ཚུ་ ལེན་དགོཔ་ད་ གནས་སྡུད་སྒེར་གསང་ ཉེན་སྲུང་འབད་དགོ་པའི་ཁར་ ཨ་རྟག་ར་ མི་ཚུ་གི་དོན་ལུ་ ཡོངས་འབྲེལ་ཞབས་ཏོག་ཚུ་ འཐོབ་ཚུགསཔ་སྦེ་ བཟོ་དགོ་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།