༉ ནང་སྲིད་ལྷན་ཁག་གིས་ འཕྲལ་ཁམས་ཅིག་ཁར་ ལྷན་ཁག་གི་ གསལ་བསྒྲགས་ལུ་མ་གནས་པར་ ཞལ་འདེབས་བསྡུ་བླངས་འབད་མི་ གནད་དོན་ཁག་༩ ངོས་འཛིན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༨ པའི་ཚེས་༢༡ ལུ་ ལྷན་ཁག་གིས་ གསལ་བསྒྲགས་ཅིག་འབད་མི་དེ་ཡང་ ལྷན་ཁག་ལས་གནང་བ་མེད་པར་ ཞལ་འདེབས་བསྡུ་བླངས་ཀྱི་རིགས་ ག་ཅི་ར་འབད་རུང་ མི་སྡེ་བརྡ་བརྒྱུད་ ཕེས་བུག་དང་ ཊིག་ཊོག་ དེ་ལས་ གཞན་དང་གཞན་ཡང་ འདི་དང་འབྲེལ་བ་ཡོད་མི་ཚུ་ནང་ འབད་མ་ཆོགཔ་སྦེ་ཡོདཔ་ཨིན་པས།
ད་ལྟོ་ འདི་བཟུམ་གྱི་ གནང་བ་མེད་པར་ ཞལ་འདེབས་བསྡུ་བླངས་འབད་མི་ཚུ་ལུ་ ཉེན་བརྡ་ཚུ་བྱིན་ནི་ཨིན་ཟེར་ཨིན་པས།
རེས་གཟའ་སྤེན་པའི་ བརྡ་བརྒྱུད་ཞལ་འཛོམས་ནང་ ནང་སྲིད་བློན་པོ་ཚེ་རིང་གིས་ བཤད་མིའི་ནང་ ད་ལྟོའི་ཁྱབ་བསྒྲགས་དེ་ཡང་ སྤྱི་ལོ་༢༠༢༡ དང་༢༠༢༣ ལུ་ གསལ་བསྒྲགས་འབད་མི་དང་ ཅོག་འཐདཔ་སྦེ་ ཨིན་ཟེར་ཨིན་པས།
བློན་པོ་གིས་ འབད་བ་ཅིན་ ཞལ་འདེབས་བསྡུ་བླངས་འབད་ནི་དེ་ སྒྲིག་གཞི་དང་འཁྲིལ་ཏེ་ འགན་འཁྲི་དང་ དྭངས་གསལ་ཅན་གྱི་ཞལ་འདེབས་ དགོས་མཁོ་ཡོདཔ་ངེས་བདེན་ཨིན་ན་མེན་ན་ ཚུལ་མཐུན་ལག་ལེན་འཐབ་ནི་དང་ ཚུལ་མིན་བཀག་ཐབས་འབད་ནི་ བྱ་ལས་ངན་པ་འབད་ནི་ལས་ བཀག་ཐབས་འབད་ནི་ལ་སོགས་པ་ཚུ་ཨིན་ཟེར་ཨིན་པས།
གསལ་བསྒྲགས་འབད་བའི་ཤུལ་ལུ་ཡང་ གནང་བ་མེད་པའི་ ཞལ་འདེབས་བསྡུ་བླངས་ཀྱི་བྱ་རིམ་ཚུ་ འཕྲོ་མཐུད་དེ་ར་འབད་དེ་འདུག་ཟེར་ཨིནམ་ད་ མི་ཚུ་གིས་ ཨ་ལོ་སྨན་ཁང་ནང་ ནདཔ་སྦེ་ཡོད་པའི་ པར་བཏབ་ཞིནམ་ལས་ ཞལ་འདེབས་བསྡུ་ལེན་འབད་དོ་ཡོདཔ་ད་ ཞིབ་དཔྱད་ལྟར་དུ་འབད་བ་ཅིན་ ཞལ་འདེབས་ཚུ་ ངོ་རྐྱང་གི་ཁེ་ཕན་ལུ་དམིགས་ཏེ་ ཨིན་མས་ཟེར་ཨིན་པས།
ཁྱབ་བསྒྲགས་འབད་མིའི་ནང་ ངོ་རྐྱང་ཚུ་གིས་འབད་རུང་ ཞལ་འདེབས་འབདཝ་ད་ གནང་བ་མེད་མི་དང་ གཞུང་འབྲེལ་མེན་མི་ལུ་ ཞལ་འདེབས་མ་བྱིན་ནི་དང་ བྱ་རིམ་འགྲིགས་མི་ཚུ་གིས་ ལག་ལེན་དེ་འཛེམ་དགོཔ་སྦེ་ཨིནམ་བཞིན་དུ་ གལ་སྲིད་ འདི་བཟུམ་གྱི་ བྱ་ལས་ངན་པ་འབད་སར་ བདའ་ཟུན་པ་ཅིན་ བསྡུ་ལེན་འབད་མི་མ་དངུལ་ཚུ་ གཞུང་བཞེས་བཏང་ནི་དང་ འབྲུག་གི་ཁྲིམས་དང་འཁྲིལ་ མི་ངོམ་དེ་ལུ་ ཁྲིམས་ཀྱི་ངོས་ལེན་འབད་ནི་ཨིན་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ གནང་བ་མེད་པའི་བསྒང་ལས་ གནད་དོན་དེ་ ངེས་བདེན་ཨིན་མིན་ དབྱེ་ཞིབ་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ གནད་དོན་ཚུ་ ཁྲིམས་མཐུན་ཨིན་རུང་ ཚོད་རྩིས་འབོར་ཚད་ཚུ་ དེ་ཅིག་ཨིན་ཟེར་བའི་ ངེས་བརྟན་མིན་ནུག་ཟེར་ཨིན་པས།
ཁྱབ་བསྒྲགས་ལུ་མ་གནས་པར་ ཚུལ་མིན་འབདཝ་འདྲཝ་འབད་བ་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་བསྟུན་ བསྟར་སྤྱོད་འབད་ནི་ཨིནམ་མ་ཚད་ ལྷག་པར་དུ་ ཁྲིམས་འགལ་གྱི་ཉེས་རྒྱ་ཚུ་ ཕོག་ཟེར་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༡ པ་དང་འཁྲིལཝ་ད་ གཡོ་བསྒུལ་འབད་མི་དེ་ མི་གཞན་ལུ་མགུ་སྐོར་རྐྱབ་པའི་ གྲངས་སུ་ཚུད་ནི་ཨིནམ་ལས་ ཁྲིམས་མཐུན་མཚམས་འཛིན་ འབད་དགོཔ་ཡོད་ཟེར་ཨིན་པས།
ད་ལྟོ་དེ་ སྒྲིག་གཞི་ཚུ་ གཡུས་སྒོ་དང་ མི་སྡེའི་གནས་རིམ་ནང་ དམིགས་བསལ་ཅན་གྱི་རིམ་གྲོ་དང་ དུས་རྒྱུན་གྱི་ ལྷ་གསོལ་བོན་གསོལ་དོན་ལུ་ བསྡུ་བླངས་འབད་མི་ཚུ་ལུ་ བསྟར་སྤྱོད་མ་འབད་རུང་ དེ་མིན་པའི་ གཞན་གྱི་རིགས་ཚུ་ནང་ གནང་བ་མེད་པའི་ ཐབས་བྱུས་རེ་འགྲིགས་པ་ཅིན་ རྩ་ལས་ར་མི་ཆོག་ཟེར་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ འདི་བཟུམ་གྱི་ དྭངས་གསལ་བཟོ་མི་དེ་ མི་སྡེ་ཞབས་ཏོག་ལུ་ མ་ཆོགཔ་བཟོཝ་མེན་པར་ ལག་ལེན་དང་ ལམ་ལུགས་ཚུ་ ག་ཅི་ར་འབད་རུང་ དྭངས་གསལ་ཅན་དང་ འགན་འཁྲི་ཅན་ དེ་ལས་ ཞལ་འདེབས་ཕུལ་མི་དང་ བསྡུ་བླངས་འབད་མི་གཉིས་ཆ་རའི་ ཉེན་སྲུང་དོན་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement