༉ འདས་པའི་ཉིནམ་དག་པ་ཅིག་ནང་ གསར་སྤང་ལུ་ ཚ་དྲོད་ཌི་གི་རི་ སེལ་ཤི་ཡེསི་༣༥ ལུ་ ལྷོད་མི་དེ་གིས་ བྱ་གསོ་སྐྱོང་འཐབ་མི་ཚུ་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ བྱ་དང་ བྱིའུ་ཅུང་ཚུ་ ཤི་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༧ གྱི་ཕྱི་རུ་ ཤོམ་སྤང་ཁ་ ནོར་བུ་སྒང་ལས་ ལག་སུ་མཱན་ གོམ་དན་གྱིས་ ཚ་དྲོད་ལུ་བརྟེན་ བྱམོ་ཤི་མི་ཚུ་ བཀོག་སར་མཐོང་ཡོདཔ་བཞིན་དུ་ ཁོ་གི་ བྱ་གསོ་སྐྱོང་ཁང་ནང་ སྒོང་རྡོག་བུད་མི་ ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
འདས་པའི་ཉིནམ་༥ འི་ནང་འཁོད་ལུ་ སྒོང་རྡོག་བུད་མི་བྱམོ་༡༨༨ དང་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ བྱམོ་༡༢༠ ཤུ་ ཤི་རྐྱེན་བྱུང་ཡོདཔ་ད་ བྱ་གསོ་ཁང་ནང་ བྱམོ་ན་མི་ཡང་ ཡར་འཕར་སོང་ཡོདཔ་ད་ བྱ་གསོ་སྐྱོང་ཁང་༤ ནང་ སྒོང་རྡོག་བུད་མི་ བྱམོ་༥,༠༠༠ དེ་ཅིག་ལུ་ སྟབས་མ་བདེཝ་ཐོན་ཏེ་ཡོདཔ་ཨིན་པས།
ཐད་ཀར་དུ་ ཚ་དྲོད་ཕོག་མི་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ད་ གསོ་སྐྱོང་ཁང་ ལ་ལོ་ཅིག་ ཤིང་གིས་ ཉེན་སྐྱོབ་འབད་དེ་ཡོདཔ་ཨིན་པས།
གལ་སྲིད་ ཉིནམ་དག་པ་ཅིག་གི་རིང་ ཚ་དྲོད་དེ་ འཕྲོ་མཐུད་དེ་ར་ སྡོད་པ་ཅིན་ ང་རའི་ བྱ་ཕྱེད་ཀ་དེ་ཅིག་ ཤི་རྐྱེན་འབྱུང་ནི་མས་ཟེར་ ཚ་གྱང་ལང་སྟེ་ཡོད་ཟེར་ ལག་སུ་མཱན་ གོམ་དན་གྱིས་ བཤདཔ་ཡོདཔ་ད་ ན་ཧིང་ བྱ་༥༥ ལས་བརྒལ་ མ་ཤི་རུང་ དུས་ཅི་ ཡར་སེང་སོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བྱ་ཚུ་གིས་ སྒོང་རྡོག་བུད་ནི་ འགོ་བཙུགསཔ་ཅིག་ དཀའ་ངལ་བྱུང་དོ་ཡོདཔ་ད་ བྱ་གསོ་སྐྱོང་འཐབ་མི་ཚུ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༢༡ ལུ་ བྱའི་ཟནམ་ལུ་བརྟེན་ སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ གྱོང་རྒུད་ཕོག་མི་ཚུ་ ལོག་འཐོབ་ནི་གི་ ལཱ་འབད་བའི་མཐའ་མར་ ད་རུང་ གནད་དོན་དེ་གིས་ གནས་སྟངས་སྐྱོ་དྲགས་བཟོ་ད་ཡི་ཟེར་ཨིན་པས།
ད་ལྟོ་ཡོད་མི་ སྒོང་རྡོག་བུད་མི་ བྱམོ་ཚུ་ཡང་ ནད་ཡམས་ཞི་བའི་ཤུལ་ལས་ ན་ཧིང་ རྒྱལ་ཡོངས་བྱ་གསོ་སྐྱོང་གོང་འཕེལ་ལྟེ་བ་གིས་ བཀྲམ་སྤེལ་འབད་མི་ཚུ་ཨིན་པས།
སཱན་ཏོཤ་ སུ་བ་གིས་ སླབ་མིའི་ནང་ ཧེ་མ་ལས་ར་ གྱོང་རྒུད་ཕོག་སྟེ་ཡོད་པའི་གུ་ ད་རེས་ གནད་དོན་དེ་གིས་ ཧེང་སྐལ་ར་ སྟབས་མ་བདེཝ་བཟོ་ཡོདཔ་བཞིན་དུ་ རྒྱབ་སྐྱོར་ཚུ་ ག་ནི་ཡང་ མ་ཐོབ་འོང་ཟེར་ གནད་དོན་དེ་ ག་ལུ་ཡང་ སྙན་ཞུ་མ་འབད་ཟེར་ཨིན་པས།
ཉིནམ་༤ འི་ནང་འཁོད་ལུ་ སཱན་ཏོཤ་ སུ་བ་གི་ བྱ་༡༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སོ་ནམ་འགོ་དཔོན་ཚུ་གིས་ རང་སོའི་ བྱ་གསོ་སྐྱོང་ཁང་གི་ གནམ་པང་ཚུ་ སྦྱར་ལེབ་ཚུ་སྦྱར་ཏེ་ ཉེན་སྐྱོབ་འབད་དགོཔ་སླབ་དོ་ཡོད་རུང་ སོ་ནམ་པ་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ བསླབ་བྱ་ཚུ་ སླབ་ནི་འཇམ་རུང་ ལཱ་འབདཝ་ད་ ལཱ་ཁག་འདུག་ཟེར་ཨིན་པས།
ཆུ་གཏོར་ཆས་ཚུ་ནང་ ཆུ་ལངམ་སྦེ་ཡོད་པ་ཅིན་ བྱ་ཚུ་ཤི་རྐྱེན་འབྱུང་ནི་ལས་ མར་ཕབ་འབད་ཚུགས་ཟེར་ སཱན་ཏུཤི་གིས་ བཤདཔ་ཨིན་པས།
སོ་ནམ་པ་ལ་ལོ་ཅིག་གིས་ ལྕགས་ཤོག་གིས་རྐྱབ་མི་ གསོ་སྐྱོང་ཁག་གི་ཐོག་ཁར་ ཆུ་གཏོར་ཆས་ཚུ་ བཙུགས་ཡོད་རུང་ ཆུ་རྒྱུན་བརྟན་སྦེ་ འོང་ནི་མེདཔ་ལས་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ལ་ལོ་ཅིག་གིས་ རླུང་གཡབ་ལག་ལེན་འཐབ་དོ་ཡོད་རུང་ དེ་གིས་ ཕན་ནུས་ཅན་མེདཔ་ད་ སོ་ནམ་པ་ཚུ་དང་འཁྲིལ་བ་ཅིན་ ཚ་དྲོད་ལུ་བརྟེན་ སྒོང་རྡོག་ཐོན་སྐྱེད་ལུ་ཡང་ གནོདཔ་མས་ཟེར་ཨིན་པས།

སཱན་ཏོཤ་ སུ་བ་གི་ སླབ་མིའི་ནང་ སྒོང་རྡོག་གི་ཐོན་སྐྱེད་ཡང་ ཉིན་བསྟར་ཤོག་སྒམ་༩ དེ་རེ་ ཐོན་སྐྱེད་འབད་མི་ལས་༧ ལུ་ མར་བབས་སོང་ཡི་ཟེར་ཨིན་པས།
ད་རེས་ སྒོང་རྡོག་ཤོག་སྒམ་རེ་ལུ་ དངུལ་ཀྲམ་༡,༧༠༠ དང་ ཡང་ཅིན་ ཊེ་གཅིག་ལུ་ དངུལ་ཀྲམ་༢༧༠ དེ་རེ་ སླབ་དོ་ཡོད་རུང་ ཁྲོམ་ཁར་ཊེ་རེ་ལུ་ དངུལ་ཀྲམ་༣༢༠ སྦེ་ བཙོང་དོ་ཡོདཔ་ད་ ཟནམ་ཕད་ཙེ་རེ་ལུ་འབད་བ་ཅིན་ གོང་ཚད་དངུལ་ཀྲམ་༢,༠༡༥ སླབ་དོ་ཡོདཔ་ཨིན་པས།
ཁྲིམས་འགལ་ཐོག་ལས་ སྒོང་རྡོག་བཙོང་མི་ལུ་བརྟེན་ ནང་འཁོད་ཀྱི་གོང་ཚད་ལུ་ ཐོ་ཕོག་པའི་སྐོར་ལས་ བྱ་གསོ་སྐྱོང་ཁང་བཙུགས་མི་ཚུ་གིས་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཁབ་ནང་འཁོད་ལུ་ བྱ་དང་འབྲེལ་བའི་ ནད་གཞི་ཐོན་མི་ལུ་བརྟེན་ འབྲུག་བཟའ་ཐུང་དང་སྨན་རིག་དབང་འཛིན་གྱིས་ དམ་དམ་སྦེ་ ལྟ་རྟོག་འབད་མི་ལུ་བརྟེན་ དུམ་གྲ་ཅིག་ སྒོང་རྡོག་གི་ གོང་ཚད་ཡར་སེང་སོང་སྟེ་ ཡོདཔ་ཨིན་པས།
རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་གིས་ དུས་ཅི་ སྤྱི་ཟླ་༦ པ་ལས་ ཟླ་༩ པ་ཚུན་ གདོང་ལེན་ཅན་གྱི་ དྲོད་ཤུགས་འོང་ནི་གི་ སྔོན་བརྟག་འབད་དེ་ཡོདཔ་བཞིན་དུ་ ཚ་དྲོད་དང་ ཆར་ཆུ་ཡང་ སྤྱིར་བཏང་གི་ ཚད་གཞི་ལས་ ཡར་སེང་འགྱོ་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement