༉ གངས་ཆེན་མའུཊ་ཨེ་བི་རེསཊ་གི་ རྩ་བ་ལུ་ལྷོད་ཚུགས་མི་ ཚེ་རིང་དཔལ་ལྡན་གྱིས་ འབྲུག་གི་ཨམ་སྲུ་ འགོ་དང་པ་ཨིན་པའི་སྐོར་ལས་ རྒྱལ་རབས་ནང་ཚུད་ནི་ཨིན་པས།

མོ་གིས་ ས་ཁོངས་ཀྱི་ སྒར་བཅགས་ས་ལུ་ དུས་ཚོད་བཟོ་མི་དང་མཐུནམ་སྦེ་ ཉིནམ་༦ གི་ནང་འཁོད་ལུ་ ལྷོད་ཡོདཔ་ད་ ལམ་འགྲུལ་དེ་གིས་ མོ་གི་མེ་ཚེའི་ནང་ གྲུབ་འབྲས་ཁག་གཉིས་སྦེ་ ཐོན་ཡོད་མི་དེ་ སྒེར་གྱི་དྲན་སྣང་དང་ འབྲུག་པའི་གངས་འཛེགས་ཚུ་ལས་ དང་པ་ཐོན་ཡོད་པའི་ འབྲས་རྟགས་ཅིག་ཨིན་པས།

སྤྱིར་བཏང་གི་ ལ་བཤལ་གནས་ཚད་དང་འཁྲིལཝ་ད་ ས་གནས་ལུག་ལ་ལས་ གངས་ཆེན་མའུཊ་ཨེ་བི་རེསཊ་གི་ རྩ་བ་ཚུན་དང་ ལོག་འོང་ནི་ཚུ་བརྩིསཝ་ད་ ཉིན་གྲངས་༡༢ དང་༡༤ གི་བར་ན་ འགོར་དོ་ཡོདཔ་ཨིན་པས།

ཚེ་རིང་དཔལ་ལྡན་གྱིས་ མོ་ར་དང་གཅིག་ཁར་ ས་གནས་ཀྱི་ ལམ་སྟོན་པ་ཅིག་དང་ དོས་འབག་མི་ཅིག་སྦྲགས་ཏེ་ སོང་ཡོདཔ་ད་ མོ་གི་ ལ་བཤལ་དེ་ སྤྱི་ཟླ་༤ པའི་ཚེས་༥ ལས་འགོ་བཙུགས་ མོ་ར་གིས་ རྩ་འགེངས་ཡོདཔ་ཨིན་པས།

མོ་གིས་ ཉིནམ་༦ གི་རིང་ལུ་ གངས་ཆེན་མའུཊ་ཨེ་བི་རེསཊ་གི་ རྩ་བ་ཚུན་སོང་བའི་ཤུལ་ལུ་ མོ་གིས་ རྒྱལ་དར་དེ་འཕྱར་ཡོདཔ་ད་ མོ་གིས་ འབད་བརྩོན་ཐེབས་ཅིག་ར་བསྐྱེད་པའི་ལཱ་ཤུལ་ཚུ་ མོ་རའི་གདོང་གུ་ལུ་ མཐོང་ཚུགས་དོ་ཡོདཔ་ཨིན་པས།

ཚེ་རིང་དཔལ་ལྡན་གྱིས་ ཉིནམ་གཅིག་ནང་ ཀི་ལོ་མི་ཊར་༡༨ དང་༢༠ གི་བར་ན་ ལམ་འགྲུལ་འབད་ཡོདཔ་ད་ མོ་གིས་ ལ་བཤལ་གྱི་ཉིན་ལམ་༢ དང་གསུམ་འབད་མི་ཚུ་ ཉིནམ་གཅིག་ནང་འབྱེལ་ཏེ་ སོང་ཡོདཔ་ལས་ མོ་གིས་ གངས་རི་ནང་ལྷོད་ནི་ལུ་ དུས་ཚོད་མང་སུ་བཏོན་ནའི་ འབད་བརྩོན་བསྐྱེད་ཡོདཔ་ཨིན་པས།

ཀུན་གསལ་གྱིས་ ཚེ་རིང་དཔལ་ལྡན་དང་གཅིག་ཁར་ དྲིས་བཀོད་འབད་བའི་སྐབས་ མོ་ར་སྐྱེས་ལོ་༤༣ ལང་པའི་ སྐྱེས་བའི་ཉིནམ་དང་འབྲེལ་ མོ་གིས་ གངས་རའི་རྩ་བའི་སྡོད་སྒར་ཚུན་ ལྷོད་ཚུགས་མི་གིས་ ངལ་རངས་བྱུང་ཡི་ཟེར་ཨིནམ་ད་ འདི་བཟུམ་གྱི་ གྲུབ་འབྲས་ཐོན་ཚུགས་མི་དེ་ ང་ར་ རང་རྐྱང་གི་ མིང་གཏམ་དོན་ལུ་མེན་པར་ ང་ར་ལུ་ཡོད་པའི་བུམོ་གཉིས་དང་ ན་གཞོན་བུམོ་ཚུ་གིས་ རང་ལུ་བློ་གཏད་ཚུགསཔ་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

མོ་གིས་ འཕྲོ་མཐུད་དེ་ར་ རྒྱལ་དར་དེ་ བསྒང་གི་རྩེ་མོ་ཅིག་གུ་ལུ་འཕྱར་ཡོདཔ་ད་ དེ་གིས་ འབྲུག་གི་དྲན་རྟགས་བཏོན་ཚུགས་པའི་ཁར་ ང་བཅས་ གངས་རི་གུ་ལུ་འཛེགས་མི་ ཆ་རོགས་ཚུ་གིས་ ང་ལུང་ཕྱོགས་ག་ཏེ་ལས་ཨིན་ན་ཡང་ ཧ་གོ་ཚུགས་ཟེར་ཨིན་པས།

ཚེ་རིང་གིས་ གངས་ཆེན་མའུཊ་ཨེ་བི་རེསཊ་གི་ རྩ་བའི་སྡོད་སྒར་ཚུན་ ལམ་འགྲུལ་འབད་ནི་དེ་ མོ་རའི་མི་ཚེ་ནང་ དམིགས་ཡུལ་འགྲུབ་ནི་མེན་པར་ ལམ་འགྲུལ་གྱི་ དམིགས་གཏད་བཞག་ཐབས་ལུ་ཨིནམ་ད་ དེ་གིས་ ཞབས་ཏོག་འགྲུབ་ནི་ལུ་ བསྐུལ་མ་འབད་དོ་བཟུམ་ཅིག་ ཨིན་ཟེར་ཨིན་པས།

མོ་གིས་ འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ དངུལ་འབྲེལ་གྱི་ དགོས་མཁོ་ཚུ་ ཐོན་ཏེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ འདི་བཟུམ་གྱི་ ཉམས་མྱོང་ཐོབ་མི་དང་ གངས་རི་གུ་འཛེགས་ནི་ལུ་ དཔའ་བཅམ་འབད་བའི་ ངོས་ལེན་བཟུམ་ཅིག་ཡང་ ཨིན་ཟེར་ཨིན་པས།

ཨིན་རུང་ ཉིནམ་ཅིག་གི་ཚེ་ ང་གིས་ ལམ་འགྲུལ་དེ་ གངས་རི་རྩེ་ལུ་ ལྷོད་ཚུགས་པའི་ སེམས་ཤུགས་བསྐྱེད་དོ་ཟེར་ཨིན་པས།

ལམ་འགྲུལ་འབད་བའི་ དྲན་སྣང་ལུ་ འབད་བ་ཅིན་ ལ་མཐོ་སར་འཛེགས་ནིའི་ལཱ་དེ་ ལ་དུག་བཤེད་ནི་དང་ མགུ་ཏོ་ན་ནི་ མགུ་ཡུག་འཁོར་ནི་ ཁ་ལས་སྐྱུགས་ནི་ ལ་སོགས་པ་ཚུ་ བྱུང་དོ་ཡོདཔ་ཨིན་པས།

མོ་གིས་ ལ་བཤལ་ལུ་འགྱོ་མི་ ཆ་རོགས་ཚུ་ལུ་ཡང་ གལ་ཆེ་བའི་སྲོག་རླུང་ཚུ་ ཡོད་མེད་བརྟག་དཔྱད་འབད་དེ་ གྲ་སྒྲིག་བཟོ་དགོཔ་སྦེ་ སླབ་ཡོདཔ་ད་ མོ་གིས་ ཉམས་མྱོང་ལས་བཅད་དེ་ ཧེ་མ་ར་ ཉེན་སྲུང་གི་དགོས་མཁོ་ཚུ་ བསྒྲུབ་དགོཔ་དེ་ གལ་ཆེཝ་སྦེ་ བརྩི་དོ་ཡོདཔ་ཨིན་པས།

ཚེ་རིང་མོ་ར་ དགེ་ལེགས་ཕུག་ ནོར་བུ་གླིང་ལས་ཨིནམ་ད་ ད་ལྟོ་ ཐིམ་ཕུག་ལུ་ ཚོང་འབྲེལ་གྱི་ ལཱ་འབད་སྡོད་མི་ཅིག་ཨིན་པས།

ཕྱི་རྒྱལ་ཀེ་ན་ཌ་ལུ་ སློབ་སྦྱོང་འབད་མི་ ཨ་ལོ་གཉིས་ཀྱི་ཨའི་གིས་ ཧེ་མ་ གཉེན་རྐྱབ་ཚར་བའི་ཤུལ་ལུ་ ལ་བཤལ་ལུ་ འཛེགས་ནི་གི་ དཔའ་བཅམ་ཡོདཔ་ད་ ད་རེས་ནངས་པར་ མོ་རའི་ཨ་ལོ་ཚུ་ སྦོམ་ཐལ་ཡོདཔ་ལས་ བསམ་པའི་རེ་འདུན་འགྲུབ་ནི་ལུ་ རྩ་འགེངས་ཡོདཔ་བཞིན་དུ་ མོ་རའི་ཤེས་ཡོན་སློབ་རིམ་༡༠ པ་མཇུག་བསྡུ་བའི་ཤུལ་ལུ་ མོ་གིས་ རེ་འདུན་བསྐྱེད་མི་དེ་ དཔའ་མ་ཞུམ་པར་ འབད་དོ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༡ ལུ་ མོ་གིས་ གཟུགས་སྟོབས་ཀྱི་ ལས་རིམ་ནང་འཛུལ་ཡོདཔ་ད་ རང་གི་གཟུགས་ཁམས་འཕྲོད་བསྟེན་དེ་ར་ སྒྲིང་སྒྲི་སྦེ་ བཞག་ཚུགས་པ་ཅིན་ ལོ་དང་ན་ཚོད་དེ་ གྱངས་ཁའི་ཐོག་ལུ་ ཨིན་མས་ཟེར་ཨིནམ་ད་ མོ་རའི་རེ་འདུན་དང་བསྟུན་པའི་ སྒྱིད་ཐག་ཧུར་རི་རི་དང་ འཕྲོད་བསྟེན་ལེགས་ཤོམ་བཞག་མི་གིས་ སྤྱི་ལོ་༢༠༡༩ ལུ་ ལ་བཤལ་ལུ་ སོང་ཡོདཔ་ཨིན་པས།

རང་ཟམོ་བུད་མེད་ཅིག་གིས་ ཨ་ལོ་གསོ་སྐྱོང་འཐབ་དགོ་པའི་སྐབས་ལུ་ གདོང་ལེན་ཚུ་ བྱུང་སྟེ་ར་འབད་རུང་ ད་རེས་ནངས་པར་ འབད་བའི་བསྒང་ལས་ ཁོང་སློབ་སྦྱོང་མཇུག་བསྡུ་སྟེ་ རང་འཚོ་རང་ལྡང་སྦེ་ ཡོད་ནི་དེ་གིས་ མོའི་རེའི་མནོ་བའི་དོན་ཚུ་ འགྲུབ་ནི་ལུ་ རྩ་འགེངས་དོ་ཡོདཔ་ཨིན་པས།

མོ་རའི་ བུམོ་སྦོམ་ཤོས་དེ་གིས་ སེམས་ཤུགས་བསྐྱེད་བཅུག་མི་ལུ་བརྟེན་ མོ་རའི་ རེ་དོན་ཚུ་ འགྲུབ་ནི་ཨིན་ལུགས་ཀྱི་སྒོ་ལས་ ལོ་དེ་ནང་ འགོ་དང་པ་ གོ་སྐབས་ལེན་ཡོདཔ་ཨིན་པས།

མོ་གིས་ མཐོ་ཚད་མི་ཊར་༥,༠༠༠ འབད་མི་ གངས་རི་ཇོ་མོ་ལྷ་རི་དང་ སེང་གེ་རྫོང་ཚུ་ནང་ སྤྱི་ལོ་༢༠༢༡ ལུ་ འཛེགས་ཡོདཔ་ཨིན་པས།

ད་རུང་ མོ་གིས་ དར་དཀར་ལ་ཚུ་གུ་ལུ་ འཛེགས་ནི་ཨིནམ་ད་ མོ་གིས་ ཆ་རོགས་ཚུ་དང་གཅིག་ཁར་ རྒྱལ་ཁབ་ནང་ཡོད་པའི་ གངས་རི་ཚུ་གུ་ལུ་ འཛེགས་ནིའི་སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས།

མོ་གིས་ གངས་རའི་ལ་བཤལ་བང་རྒྱུག་དེ་ ད་ལྟོ་འབད་ནི་སྦེ་ཡོདཔ་ད་ གལ་སྲིད་ འདི་ཚུ་ག་ར་ གངས་རི་ཨིན་པ་ཅིན་ ང་གིས་ མ་འོངས་པའི་ནང་ གངས་རི་ལེ་ཤ་ཅིག་གུ་ལུ་ འཛེགས་ནིའི་རེ་བ་བསྐྱེདཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

 

ཚེ་རིང་དབང་འདུས།

Advertisement