བཀྲིས་ཕུན་ཚོགས།

༉ འབྲུག་རྒྱལ་གཞུང་གན་ལེན་བརྗེ་སོར་ལས་སྡེ་དང་གཅིག་ཁར་ ཐོ་བཀོད་འབད་དེ་ཡོད་པའི་ ཚོང་སྡེ་༡༨ ཀྱི་གྲས་ལས་༡༠ གྱིས་ སྤྱི་ལོ་༢༠༢༣ གྱི་དོན་ལུ་ བགོ་བཤའ་དང་ བགོ་བཤའི་ཁེ་འཐུས་ཚུ་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ཀྱི་ལོའི་དོན་ལུ་ ཚོང་སྡེ་༡༡ ཡོད་མི་དང་ཕྱདཔ་ད་ཨིན་པས།

དེ་འབདཝ་ད་ དུས་ཅི་ ཚོང་སྡེ་༨ ཀྱིས་ བགོ་བཤའ་དང་ བགོ་བཤའི་ཁེ་འཐུས་ཚུ་ བྱིན་ནི་ཨིན་ཟེར་ གསལ་བསྒྲགས་མ་འབདཝ་ཨིན་པས།

འདས་པའི་ལོ་ཚུ་ནང་ ནད་ཡམས་ཀོ་བིཌ་ལུ་བརྟེན་ རྩིས་ལོ་༢༠༢༠ ལུ་ ཚོང་སྡེ་༢ དང་ རྩིས་ལོ་༢༠༢༡ ལུ་ ཚོང་སྡེ་༥ གིས་ བགོ་བཤའ་དང་ བགོ་བཤའི་ཁེ་འཐུས་ཚུ་ བྱིན་ཡོདཔ་ཨིན་པས།

བགོ་བཤའ་དེ་ ཚོང་སྡེ་རང་སོའི་ ཁེ་སང་ངེས་ཏིག་ཐོབ་པའི་ལྷག་ལུས་དེ་ ཚོང་ལས་དང་གཅིག་ཁར་ བགོ་བཤའ་འཆང་སྤྱོད་འབད་མི་ཚུ་ལུ་ བགོ་བཤའ་རྐྱབ་ཞིནམ་ལས་ ཁེ་འཐུས་ཚུ་ བྱིན་དོ་ཡོདཔ་ཨིན་པས།

ལོ་རེ་ཆད་མེད་པར་ བགོ་བཤའ་དང་ བགོ་བཤའི་ཁེ་འཐུས་ཚུ་བྱིན་མི་ ཚོང་སྡེ་ལུ་ ཁེ་སང་འབོར་ཆེ་ཏོག་ཏོ་སྦེ་འོང་ནི་དང་ ཚོང་སྡེ་ལ་ལོ་ཅིག་གིས་ མ་འོངས་པའི་ཚོང་ལཱ་གི་དོན་ལུ་ ཁེ་སང་ཚུ་ མ་རྩ་ལུ་ བཙུགས་ཡོད་མི་འབད་བ་ཅིན་ ཁེ་འཐུས་དུམ་གྲ་ཅིག་ལས་བརྒལ་ བྱིན་མི་ཚུགས་དོ་ཡོདཔ་ཨིན་པས།

འབྲུག་གི་ཚོང་སྡེའི་བཅའ་ཁྲིམས་༢༠༡༦ ཅན་མ་དང་འཁྲིལ་བ་ཅིན་ ཐོ་བཀོད་འབད་མི་ ཚོང་སྡེ་ག་ར་གིས་ སྤྱི་ཟླ་༤ པ་མཇུག་བསྡུ་ཁམས་ཅིག་ཁར་ ཡོངས་ཁྱབ་ཞལ་འཛོམས་ འཚོགས་དགོཔ་ཨིན་ཟེར་ཨིན་པས།

སྤྱི་ལོ་༢༠༢༣ ཀྱི་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་ལས་༡༠༠ བྱིན་མི་དེ་ འབྲུག་ཕི་རོ་ཨེ་ལོ་འེསི་ཚད་འཛིན་ཨིནམ་ད་ སྤྱི་ལོ་༢༠༢༢ ལུ་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༣༥༠ བྱིན་ཡོདཔ་ཨིན་པས།

གལ་སྲིད་ བགོ་བཤའ་འཆང་མི་ལུ་ བགོ་བཤའ་༡,༠༠༠ ཡོད་མི་ལུ་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༡༠ ཡོད་པ་ཅིན་ དུས་ཅི་ བགོ་བཤའ་བརྒྱ་ཆ་༡༠༠ བྱིན་པ་ཅིན་ ཁོ་ལུ་ ཁེ་འཐུས་དངུལ་ཀྲམ་༡༠,༠༠༠ འཐོབ་ཚུགས་ནི་ཨིན་པས།

གཞན་དལ་གཞི་འབད་བ་ཅིན་ འབྲུག་ཕི་རོ་ཨེ་ལོ་འེསི་ཚད་འཛིན་གྱིས་ བགོ་བཤའ་འཆང་མི་ཚུ་ལུ་ ཁེ་འཐུས་ལེན་ནི་དང་ ཐོབ་བརྗོད་བཀོད་ནིའི་ ཚེས་གྲངས་སྔ་མ་དེ་ སྤྱི་ཟླ་༤ པའི་ཚེས་༡༠ ཨིན་རུང་ ཕར་འཕུལ་རྐྱབ་སྟེ་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ བཞག་ཡོདཔ་ཨིན་པས།

དེ་འབདཝ་ལས་ མ་རྩ་གཞི་བཙུགས་འབད་མི་ཚུ་གིས་ ཁེ་འཐུས་ལེན་ནི་དེ་ ཚོང་སྡེ་གིས་ གསལ་བསྒྲགས་འབད་མི་ དུས་ཚོད་དང་འཁྲིལ་ཏེ་ ལཱ་འབད་དགོཔ་ད་ གལ་སྲིད་ དུས་ཚོད་ཕྱིས་སོ་པ་ཅིན་ ཁེ་འཐུས་ཚུ་ མི་འཐོབ་ནི་ཨིན་པས།

འབྲུག་རྒྱལ་གཞུང་ཉེན་བཅོལ་ཚད་འཛིན་གྱིས་ མི་རེ་ལུ་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༤༢ བྱིན་མི་དེ་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༤.༢ ཀྱི་རྩིས་ཨིན་པས།

དེ་འབདཝ་ད་ ཁེ་འཐུས་བརྒྱ་ཆ་༤༢ བྱིན་ནི་ཨིན་ཟེར་ གསལ་བསྒྲགས་འབད་མི་དེ་ འབྲུག་དངུལ་ལས་དབང་འཛིན་གྱིས་ ཆ་འཇོག་འབད་དགོ་ནི་དེ་གིས་ བསྒུག་དགོཔ་ཐོན་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༢ ལུ་ འབྲུག་རྒྱལ་གཞུང་ཉེན་བཅོལ་ཚད་འཛིན་གྱིས་ བགོ་བཤའི་ཁེ་འཐུས་ཚད་གཞི་༡:༧ དང་ སྤྱི་ལོ་༢༠༡༧ ལུ་ ངོ་རྐྱང་ལུ་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༡༢.༦ རེ་སྦེ་ བྱིན་ཡོདཔ་ཨིན་པས།

འབྲུག་ཝང་ཨེ་ལོ་འེསི་ཚད་འཛིན་གྱིས་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༣༠ དང་ ངོ་རྐྱང་ལུ་ དངུལ་ཀྲམ་༣ བྱིན་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ མི་རེ་ལུ་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༡༠ རེ་ བྱིན་ཡོདཔ་ཨིན་པས།

འབྲུག་ཉེན་བཅོལ་ཚད་ཀྱིས་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༢༡ དང་ ཡང་ན་ ངོ་རྐྱང་རེ་ལུ་ དངུལ་ཀྲམ་༢.༡ སྦེ་ རྩིས་ལོ་༢༠༢༣ ལུ་ བྱིན་ཡོདཔ་ད་ བགོ་བཤའ་འཆང་མི་ལུ་ བརྒྱ་ཆ་༢༠ དང་ ཁེ་འཐུས་དངུལ་ཀྲམ་༡:༡ སྦེ་ སྤྱི་ལོ་༢༠༢༢ ལུ་ ཁེ་འཐུས་བྱིན་ཡོདཔ་ཨིན་པས།

འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༡༥.༤ དང་ འབྲུག་པཱན་ཇབ་དངུལ་ཁང་གིས་ བརྒྱ་ཆ་༡༥ བྱིན་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༡.༥༤ དང་ འབྲུག་པཱན་ཇབ་དངུལ་ཁང་གིས་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༡.༥ སྦེ་ བྱིན་ཡོདཔ་ཨིན་པས།

འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ ཐོ་བཀོད་འབད་མི་ དུས་ཚོད་དེ་ སྤྱི་ཟླ་༤ པའི་ཚེས་༡༡ དང་ ཧེ་མའི་ ཚེས་གྲངས་དེ་ སྤྱི་ཟླ་༤ པའི་ཚེས་༡༠ དང་ འབྲུག་པཱན་ཇབ་དངུལ་ཁང་གི་ ཐོ་བཀོད་དུས་ཚོད་ སྤྱི་ཟླ་༤ པའི་ཚེས་༣༠ དང་ ཧེ་མའི་ཚེས་གྲངས་དེ་ སྤྱི་ཟླ་༤ པའི་ཚེས་༢༩ ཨིན་པས།

དེ་བཟུམ་སྦེ་ ཇི་ཨའེ་སི་-བྷུ་ཊཱན་བསྐྱར་ལོག་ཉེན་བཅོལ་ཚོང་ལས་ཚད་ཀྱིས་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༡༠ བྱིན་མི་ལུ་ བགོ་བཤའ་རེ་ལུ་ དངུལ་ཀྲམ་༡ རེ་གི་རྩིས་ཨིནམ་ད་ ཀུན་གསལ་ལས་འཛིན་ཚད་ཀྱིས་ བགོ་བཤའི་ཁེ་འཐུས་བརྒྱ་ཆ་༥ དང་ བགོ་བཤའ་རེ་ལུ་ དངུལ་ཀྲམ་.༥༠ རེ་གནས་ཡོདཔ་ཨིན་པས།

དུས་ཅི་ བགོ་བཤའ་བྱིན་ནི་ཨིན་ཟེར་ གསལ་བསྒྲགས་མ་འབད་མི་ ཚོང་སྡེ་ཚུ་ཡང་ བཀྲིས་དངུལ་ཁང་དང་ ཨིསི་ཊེཊ་ ཚོང་ལས་ཚད་འཛིན་༢ ཨིན་རུང་ བགོ་བཤའ་༥ ལུ་ བགོ་བཤའ་འཆང་མི་ཚུ་གིས་ བཀྲིས་དངུལ་ཁང་ལས་ ཁེ་འཐུས་རེ་འཐོབ་ནི་དང་ ཨིསི་ཊེཊ་ ཚོང་ལས་ཚད་འཛིན་ལས་ བགོ་བཤའ་༢ ལུ་ བགོ་བཤའ་འཆང་མི་ཚུ་གིས་ ཁེ་འཐུས་རེ་འཐོབ་ཚུགས་ནི་ཨིན་པས།

སྤྱི་ལོ་༢༠༢༢ ལུ་ བཀྲིས་དངུལ་ཁང་གིས་ བགོ་བཤའ་བརྒྱ་ཆ་༩ བྱིན་པའི་ཁར་ བགོ་བཤའ་འཆང་མི་ལུ་ བགོ་བཤའ་༡༠ ཡོད་མི་ལུ་ ཚོང་སྡེ་ཁ་ཐུག་ལས་ ཁེ་འཐུས་༡ བྱིན་ཡོདཔ་ད་ ཨིསི་ཊེཊ་ ཚོང་ལས་ཚད་འཛིན་གྱིས་ བགོ་བཤའ་བརྒྱ་ཆ་༢༥ བྱིན་ཡོདཔ་ཨིན་པས།

ཨིན་རུང་ བགོ་བཤའ་བྱིན་མ་ཚུགས་མི་ ཚོང་ལས་སྡེ་ཚན་༨ ཡོདཔ་ད་ དེ་ཚུ་ཡང་ འབྲུག་བཀོད་ཚོགས་ཐོན་སྐྱེད་དང་ བྷུ་ཊཱན་ཀར་བེགསི་དང་ ཀེ་མི་ཀཱལསི་ཚད་འཛིན་ བྷུ་ཊཱན་པོ་ལི་མརསི་ཚད་འཛིན་ འབྲུག་ལྟ་བཤལ་ལས་འཛིན་ཚད་ དཔལ་ལྡན་རྩི་ས་དབང་འཛིན་ ཤེར་ཟ་ བེན་ཅརསི་ཚད་འཛིན་ འབྲུག་ཕི་རོ་ ཨེ་ལོའི་ དེ་ལས་ དུང་སམ་ པོ་ལི་མརསི་ཚད་ཚུ་ཨིན་པས།

བགོ་བཤའི་ཁེ་འཐུས་ཚུ་ཡང་ ཐད་ཀར་དུ་ བགོ་བཤའ་འཆང་མི་ཚུ་གི་ རྩིས་ཁྲ་ནང་ འབྲུག་རྒྱལ་གཞུང་གན་ལེན་བརྗེ་སོར་ལས་སྡེའི་ རིམ་ལུགས་བརྒྱུད་དེ་ བཙུགས་འོང་ཟེར་ཨིན་པས།

དེ་འབདཝ་ལས་ བགོ་བཤའ་འཆང་མི་ཚུ་གིས་ ཞིབ་དཔྱད་འབད་ནི་དང་ ནོར་བཅོས་མེད་པར་བཟོ་སྟེ་ ཁོང་རའེ་ རྩིས་ཁྲ་ཚུ་ ཁ་གསལ་སྦེ་བཙུགས་དགོཔ་མ་ཚད་ ངོ་སྤྲོད་ལག་ཁྱེར་ཨང་ཚུ་ བྱིན་དགོཔ་ཨིན་པས།

ད་ལྟོ་ཚུན་ བགོ་བཤའི་ཁེ་འཐུས་ཚུ་བྱིན་རུང་ བགོ་བཤའ་འཆང་མི་ཚུ་གིས་ མ་ལེན་པར་ཡོད་པ་ཅིན་ རྩིས་བསྡོམས་རྐྱབ་སྟེ་ བྱིན་ནི་ཨིན་པའི་གནས་ཚུལ།

Advertisement