༉ འཆར་གཞི་༡༣ པའི་ནང་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༤.༧༧ དེ་ཅིག་ བགོ་བཀྲམ་འབད་ཡོདཔ་ལས་ རྒྱལ་ཁབ་ནང་ ལམ་སྲོལ་གོང་འཕེལ་ རྒྱ་ཆ་དྲགས་སྦེ་ར་ གཏང་ཚུགས་ནི་ཨིན་པས།
འཆར་དངུལ་དེ་ཡང་ འཆར་གཞི་༡༢ པའི་ནང་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༢.༥༦ བགོ་བཀྲམ་འབད་མི་ལས་ ད་རེས་ བརྒྱ་ཆ་༥༥ དེ་ཅིག་ ཡར་སེང་འབད་ནུག།
གནད་དོན་དེ་ ཐིམ་ཕུག་ལུ་སྦེ་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་ འཆར་གཞི་༡༣ པ་ ལག་ལེན་གྱི་ མཉམ་འབྲེལ་ཞལ་འཛོམས་འཚོགས་པའི་སྐབས་ལུ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་དང་ གྲྭ་ཚང་ལྷན་ཚོགས་༢ ཀྱིས་ འཆར་གཞི་ཚུ་ ལག་ལེན་འཐབ་ནི་ཨིནམ་ད་ འཆར་དངུལ་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་༣.༨༥༢ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་དང་ དངུལ་ཀྲམ་ས་ཡ་༩༤༧ དེ་ གྲྭ་ཚང་ལྷན་ཚོགས་ལུ་ བགོ་བཀྲམ་འབད་ནུག།
འཆར་དངུལ་དེ་ རྒྱལ་ཁབ་ནང་ སྲོལ་རྒྱུན་ས་ཁོངས་གོང་འཕེལ་དང་ ཉེན་སྲུང་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པའི་ཁར་ འབྲུག་པའི་རང་ལུགས་ལམ་སྲོལ་ཚུ་ ལྷན་ཐབས་འབད་ནི་ལུ་ཡང་ ལག་ལེན་འཐབ་ནི་ཨིན་པས།
སྤྱི་ལོ་༢༠༢༣ གྱི་ནང་འཁོད་ལུ་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་ས་ཁོངས་༢,༡༦༥ དེ་ཅིག་ ཡིག་ཆ་བཟོ་སྟེ་ བཞག་ཡོདཔ་ཨིན་པས།
འཆར་དངུལ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་འབད་རུང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ འཆར་དངུལ་ཚུ་ རྫོང་ཁག་སོ་སོར་བར་ན་ བགོ་བཀྲམ་འབད་མི་ལུ་ སེམས་དང་མ་ལྡན་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ལ་ལོ་ཅིག་གིས་ རྫོང་ཁག་ལ་ལོ་ཅིག་ འཆར་དངུལ་ཚུ་ སྦོམ་སྦེ་ར་ ཐོབ་ཡོདཔ་ད་ འཆར་གཞི་༡༣ པའི་ནང་ ཉེན་སྲུང་དང་ གལ་ཅན་གྱི་ སྲོལ་རྒྱུན་གྱི་ ས་ཁོངས་ཚུ་ མ་ཚུད་པར་ཡོདཔ་ལས་ གཙོ་རིམ་གྱི་ བྱ་སྒོའི་སྐོར་ལས་ དྲི་དཔྱད་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ མཐུན་རྐྱེན་ཚུ་ ལག་ལེན་དངོས་ལྟར་དང་ འདྲ་མཉམ་ངེས་བརྟན་གྱི་དོན་ལུ་ ས་གནས་གཞུང་གི་ གནས་ཚད་ལས་ཡང་ ནང་འདེབས་འབད་དེ་ འཆར་གཞི་བཟོ་དགོཔ་སྦེ་ཨིན་པས།
རྒཔོ་མང་ཤོས་ཅིག་གིས་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་དང་ གྲྭ་ཚང་ལྷན་ཚོགས་ལུ་ འཆར་གཞི་དང་ འཆར་དངུལ་བགོ་བཀྲམ་ཚུ་ ལོག་བལྟ་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་པས།
རྒཔོ་ཚུ་གིས་ ཧེ་མ་ གནང་བྱིན་མ་དངུལ་ལས་ སྲོལ་རྒྱུན་གྱི་ས་ཁོངས་ཚུ་ བཟོ་སྐྲུན་དང་ རྒྱུན་སྐྱོང་འཐབ་ནི་ལུ་ ས་གནས་གཞུང་གི་དབང་ཆ་ཚུ་ འཐོབ་མ་ཚུགས་ཟེར་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་དང་ གྲྭ་ཚང་ལྷན་ཚོགས་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཆར་གཞི་ཚུ་ཡང་ རྒྱལ་ཡོངས་དཔལ་འབྱོར་དང་ འབྲེལ་ཡོད་རྫོང་ཁག་ཚུ་ལས་ གྲོས་འཆར་ལྷོད་མི་དང་འཁྲིལ་ཏེ་ བཟོ་ཡོད་རུང་ འགོ་དཔོན་ཚུ་གིས་ འཆར་གཞི་ཚུ་ ལོག་བསྐྱར་ཞིབ་འབད་ནི་ལུ་ ཁས་ལེན་འབད་ཡོདཔ་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ནང་ ལམ་སྲོལ་སྲོལ་རྒྱུན་དེ་ མི་སྡེ་གཅིག་མཐུན་དང་ རྒྱལ་ཡོངས་ཀྱི་ངོ་རྟགས་ དེ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནིའི་ འཆར་གཞི་ཚུ་ ཡོདཔ་ཨིན་པས།
ལས་འགུལ་སྦོམ་གཞན་ཡང་ དངུལ་ཀྲམ་ས་ཡ་༥༢༢ གནས་པའི་ གསར་སྤང་རྫོང་གསར་བཞེངས་དང་ རྒྱལ་ཡོངས་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་ གཞི་བཙུགས་དོན་ལུ་ དངུལ་ཀྲམ་ས་ཡ་༥༠༠ རྒྱལ་སྲུང་ལྷ་ཁང་བཞེངས་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༤༦༨ དེ་ལས་ རྟ་མགོ་རྫོང་བསྐྱར་བཞེངས་དོན་ལུ་ དངུལ་ཀྲམ་ས་ཡ་༣༧༦.༠༨ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཆོས་སྡེ་ལྷན་ཚོགས་ནང་ ཐོ་བཀོད་འབད་མི་དང་ མི་སྡེའི་ནང་ ཕན་ཐོགས་བྱུང་མི་ སྒེར་གྱི་ལྷ་ཁང་ཚུ་ལུ་ འཆར་གཞི་ཡོད་མེད་དང་འཁྲིལ་ཏེ་ རྒྱབ་སྐྱོར་དང་ ས་གནས་གཞུང་གིས་ གཙོ་རིམ་བསྒྲིག་ནི་ཨིན་པས།
ལས་ཁུངས་ཀྱིས་ ལུང་ཕྱོགས་ནང་ མཐུན་རྐྱེན་མེད་མི་ཚུ་ཡང་ གཙོ་རིམ་བསྒྲིག་ནིའི་འཆར་གཞི་ཡོདཔ་ད་ རྫོང་དང་ ལྷ་ཁང་ཚུ་ལས་ འཆར་དངུལ་ཁ་སྐོང་དགོས་མཁོ་དང་ ལག་ལེན་འཐབ་སྟེ་ ལོ་༢ ལང་མི་ གྲོས་འཆར་བཀོད་མི་ཚུ་ཡང་ གློ་བུར་མ་འབྱུང་པ་ཅིན་ ལོག་གཙོ་རིམ་སྒྲིག་ནི་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྲོལ་རྒྱུན་གྱི་ས་ཁོངས་ནང་ གློག་མེ་བཙུག་སྒྲིག་གི་ ལཱ་མ་འབད་བའི་ཧེ་མར་ ལས་ཁུངས་དང་གཅིག་ཁར་ གྲོས་བསྟུན་འབད་དགོཔ་ད་ གྲྭ་ཚང་ལྷན་ཚོགས་ནང་ འཆར་དངུལ་དངུལ་ཀྲམ་ས་ཡ་༩༤༧ བགོ་བཀྲམ་འབད་མི་ལས་ དངུལ་ཀྲམ་ས་ཡ་༨༩༧ གཞི་རྟེན་གོང་ཕེལ་གཏང་ནི་ལུ་ བགོ་བཀྲམ་དང་ དངུལ་ཀྲམ་ས་ཡ་༥༠ པོ་དེ་ གཞན་ལས་སྣ་ཚུ་འབད་ནིའི་དོན་ལུ་ བཞག་ཡོདཔ་ཨིན་པས།
གཞི་རྟེན་མཐུན་རྐྱེན་གོང་འཕེལ་གཏང་ནིའི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༨༩༧ བགོ་བཀྲམ་འབད་མི་ལས་ མཐོ་ཤོས་ར་ ཐིམ་ཕུག་ལུ་ དངུལ་ཀྲམ་ས་ཡ་༢༣༠ དང་ དེ་གི་ཤུལ་ལས་ ཧཱ་ལུ་ དངུལ་ཀྲམ་ས་ཡ་༡༤༧.༡ བགོ་བཀྲམ་འབད་ཡོདཔ་ཨིན་པས།
འཆར་དངུལ་ཉུང་ཤོས་ར་ མགར་ས་ལུ་ དངུལ་ཀྲམ་ས་ཡ་༥.༥༧ དང་ བཀྲིས་གཡང་རྩེ་ལུ་ དངུལ་ཀྲམ་ས་ཡ་༡༡.༢ བགོ་བཀྲམ་འབད་ཡོདཔ་ཨིན་པས།
གྲྭ་ཚང་ལྷན་ཚོགས་ཀྱིས་ འཆར་གཞི་༡༣ པའི་ནང་ འཆར་གཞི་ལས་སྣ་༡༢༣ ཡོདཔ་ད་ ཨིན་རུང་ མི་སྡེའི་ལྷ་ཁང་དང་ རྒན་ཤོས་ལྟེ་བ་ གནམ་བྱཱར་དགུན་གྱི་བཞུགས་གནས་ མགྲོན་ཁྱིམ་ མི་སྡེའི་ཞབས་ཏོག་ལྟེ་བ་ བཟོ་སྐྲུན་དང་འབྲེལ་བའི་ལས་འགུལ་ཚུ་ འཆར་གཞི་ནང་ཚུད་དེ་ མེད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement