༉ ཤེས་རིག་དང་རིག་རྩལ་ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ སློབ་གྲྭ་ལྟེ་བ་༦༣ གཞི་བཙུགས་འབད་ནི་ཨིནམ་ད་ དེ་གི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༤ བགོ་བཀྲམ་འབད་ཡོདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ ཐིམ་ཕུག་ལུ་ ས་གནས་གཞུང་གི་འགོ་དཔོན་ཚུ་ འཆར་གཞི་༡༣ པའི་ ལག་ལེན་མཉམ་འབྲེལ་ཞལ་འཛོམས་ནང་ གསལ་སྟོན་འབད་ཡོདཔ་ད་ སློབ་གྲྭ་ལྟེ་བ་ཚུ་ཡང་ ཤེས་རིག་གི་ སྤུས་ཚད་ལྷན་ཐབས་དང་ མཐུན་རྐྱེན་འཛིན་སྐྱོང་ལེགས་ཤོམ་འབད་ནི་ དེ་ལས་ ངེས་བརྟན་བཟོ་ཐབས་ལུ་ཨིན་པས།
གཞུང་སྐྱོང་ཚོགས་པ་གིས་ བཙག་འཐུའི་སྐབས་ ཤེས་རིག་སྤུས་ཚད་ ཡར་དྲག་གཏང་ནིའི་དོན་ལུ་ སློབ་གྲྭ་ལྟེ་བ་ཚུ་ གོང་འཕེལ་གཏང་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་པས།
སློབ་གྲྭ་ལྟེ་བ་ཚུ་ཡང་ འགོ་དང་པ་ར་ གཞུང་༢ པའི་སྐབས་ གཞི་བཙུགས་འབད་བའི་སྐབས་ འཆར་དངུལ་མ་ལང་མི་དང་ སྐྱོན་བརྗོད་ཚུ་འབད་བའི་ཤུལ་ལས་ གཞུང་༣ པའི་སྐབས་ སློབ་གྲྭ་ལྟེ་བ་ཚུ་ འཕྲོ་མཐུད་དེ་ འབད་མ་ཚུགསཔ་ཨིན་པས།
སློབ་གྲྭ་ལྟེ་བ་༦༣ ཡང་ སེམས་ཁར་འབབ་པའི་ ཐབས་ལམ་བཏོན་ཐོག་ལས་ གཞི་བཙུགས་འབད་ནི་ཨིན་པས།
སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ ལྷན་ཁག་གིས་ ལོ་དང་པའི་ནང་ རྫོང་ཁག་རེ་ལུ་ སློབ་གྲྭ་༢༠ རེ་ གཞི་བཙུགས་འབད་ནི་དང་ ལོ་༢ པའི་ནང་ སློབ་གྲྭ་ལྟེ་བ་༡༩ དེ་ལས་ ལོ་ངོ་༣ པ་དང་༤ པའི་ནང་ སློབ་གྲྭ་༡༢ གཞི་བཙུགས་འབད་འོང་ཟེར་ཨིན་པས།
སློབ་གྲྭ་ལྟེ་བ་ཚུ་ལུ་ དངུལ་འབྲེལ་དང་ མི་སྟོབས་འཛིན་སྐྱོང་གི་ རང་དབང་ཧྲིལ་བུམ་ བྱིན་ནི་ཨིན་པས།
སློབ་གྲྭ་ལྟེ་བ་ཚུ་ཡང་ མཐུན་རྐྱེང་འཇོན་ཐངས་ཅན་ཅིག་སྦེ་ ལངམ་མི་ནང་འཁོད་ལུ་ སློབ་གྲྭ་ཆུང་ཚུ་ནང་ འཛིན་སྐྱོང་འཐབ་ནི་ཨིནམ་ད་ བཀོད་ཁྱབ་དབུ་འཛིན་དང་ དེ་གི་འོག་ལུ་ དབུ་འཛིན་འོགམ་ཡོད་མི་གིས་ ཉེ་འདབས་ཀྱི་ སློབ་གྲྭ་༣ མཉམ་སྡེབ་ཐོག་ལས་ འཛིན་སྐྱོང་འཐབ་ནི་ཨིན་པས།
དཔེར་ན་ ཆུ་ཁ་སློབ་གྲྭ་ལྟེ་བ་གིས་ རྩི་མ་གླ་ཁ་འབྲིང་རིམ་སློབ་གྲྭ་བར་མ་དང་ ཝང་ཆུ་འབྲིང་རིམ་སློབ་གྲྭ་བར་མ་ རྩི་མ་གླ་ཁ་སློབ་གྲྭ་ཆུ་ དེ་ལས་ བཀྲིས་དགའ་ཚལ་སློབ་གྲྭ་ཆུང་བ་ཚུ་ འཛིན་སྐྱོང་འཐབ་ནི་ཨིན་པས།
ལྷན་ཁག་གི་ ཚད་གཞི་དང་འཁྲིལ་བ་ཅིན་ སློབ་གྲྭ་ལྟེ་བ་ཚུ་གིས་ སློབ་གྲྭ་ཆུ་བ་ལས་ སློབ་རིམ་༡༢ པ་ཚུན་གྱི་ སལོབ་སྟོན་ཚུ་ འབད་དགོཔ་ད་ སློབ་གྲྭ་ནང་ སློབ་ཕྲུག་༡,༥༠༠ འོང་ནི་ཨིན་མི་ལས་ བརྒྱ་ཆ་༨༠ ནང་སྡོད་སྦེ་ སྡོད་དགོཔ་ཨིན་པས།
གནད་དོན་གཞན་དེ་ ས་གནས་དང་ འཛུལ་ཞུགས་ཚད་གཞི་ ས་གོ་རྒྱ་སྐྱེད་ དེ་ལས་ གཞི་རྟེན་སྤུས་ཚད་ཚུ་ཡང་ ངོས་ལེན་འབད་དགོཔ་ཨིན་པས།
སློབ་གྲྭ་ལྟེ་བ་ ག་རིའི་ནང་ གཞི་རྟེན་མཐུན་རྐྱེན་དང་ ཞབས་ཏོག་ ཉེན་སྲུང་ལྡན་པའི་གནས་སྟངས་དང་ འཐུང་ཆུའི་མཐུན་རྐྱེན་ ཆུ་དྲོད་བཏགས་དང་བསིལ་ལྡན་བཟོ་ནིའི་མཐུན་རྐྱེན་ རྩེད་རིགས་ དེང་སང་གི་ ཨིསི་མརཊི་སློབ་ཁང་དང་བརྟག་དཔྱད་ཁང་ དཔེ་མཛོད་ཁང་ལ་སོགས་པའི་མཐུན་རྐྱེན་ཚུ་ འོང་ནི་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ལ་ལོ་ཅིག་གིས་ སླབ་མིའི་ནང་ སློབ་གྲྭ་ལྟེ་བ་ཚུ་ གཙོ་རིམ་བཟུང་ནི་ དྲགས་པ་ཅིན་ སློབ་གྲྭ་ལྟེ་བ་མེད་མི་ཚུ་གི་ ཤེས་རིག་གི་སྤུས་ཚད་ལུ་ ཐོ་ཕོགས་འོང་ཟེར་ཨིན་པས།
ཤེས་རིག་བློན་པོ་ ཡིད་བཟང་ ཌི་ཐ་པ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་༥༧༡ ལུ་ མཐུན་རྐྱེན་ཚུ་ བགོ་བཀྲམ་འབད་བ་ཅིན་ ཟད་འགྲོ་ལྕི་དྲགས་གནས་ནི་ཨིནམ་ལས་ སློབ་གྲྭ་ལྟེ་བ་ཚུ་གིས་ དེ་གི་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་ ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ གཞུང་གིས་ སློབ་གྲྭ་གཞན་ཚུ་ལུ་ མ་རྩ་གཞི་བཙུགས་དེ་ འཕྲོ་མཐུད་ར་ འབད་ནི་ཨིནམ་ད་ དེ་ཡང་ སློབ་དཔོན་ཚུ་ལུ་ ཟད་འགྲོ་ཉུང་བའི་སྡོད་ཁྱིམ་དང་ རྩེད་རིགས་མཐུན་རྐྱེན་ དེ་ལས་ ཁྱད་རིག་མ་འདྲཝ་ཚུ་ལུ་ དམིགས་བསལ་སློབ་གྲྭ་ཐོག་ལས་ འབད་ནི་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ལ་ལོ་ཅིག་གིས་ བཀོད་ཁྱབ་དབུ་འཛིན་ཚུ་ རྫོང་ཁག་ཤེས་རིག་འགོ་དཔོན་གྱི་ གོ་གནས་ལས་ མཐོ་ཤོས་ཅིག་སྦེ་ འོང་ནི་ཨིནམ་ལས་ དེ་༢ ཀྱི་བར་ན་ དབང་ཚད་དང་འབྲེལ་བའི་ སྟབས་མ་བདེཝ་ འཐོན་ནི་ཉེན་ཁ་གི་ ཚ་གྱང་ཡོད་ལུགས་ཚུ་ཡང་ བཤདཔ་ཨིན་པས།
ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ གལ་སྲིད་ བཀོད་ཁྱབ་དབུ་འཛིན་ཚུ་ འོས་འབབ་མེད་པ་ཅིན་ མཁས་མཆོག་དབུ་འཛིན་དེ་ ངོས་ལེན་འབད་ནི་ཨིནམ་ད་ ཁེ་གྱོང་པ་རེ་གི་ འགན་ཁུར་དང་ འགན་འཁྲི་ཚུ་ ལམ་སྟོན་ཡང་ དྭངས་གསལ་སྦེ་ བཟོ་འོང་ཟེར་ཨིན་པས།
སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ལུ་ ཧེ་མ་བཟུམ་སྦེ་ ཅ་ཆས་ཚུ་ རིན་མེད་སྟོང་པར་བྱིན་ནི་གི་ གནད་དོན་ཐད་ལུ་ ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ ལྷན་ཁག་གི་གཙོ་རིམ་དེ་ གཞི་རྟེན་མཐུན་རྐྱེན་ལུ་ མ་རྩ་གཞི་བཙུགས་འབད་ནི་དང་ དགོས་མཁོ་འབྱུང་པ་ཅིན་ དགོས་མཁོ་ཅན་གྱི་ཅ་ཆས་ཚུ་ རིན་མེད་སྟོང་པ་སྦེ་ བྱིན་འོང་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement