༉ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་དང་འཁྲིལ་བ་ཅིན་ ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ སློབ་དཔོན་ཡར་དྲག་དང་གོང་འཕེལ་གཏང་ནིའི་དོན་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
ལྷན་ཁག་གིས་ སློབ་སྟོན་འབད་ནི་ལུ་ ལྕོགས་གྲུབ་དང་ ལེགས་ཤོམ་ཡོད་མི་ སློབ་དཔོན་ཚུ་ གདམ་འཐུ་འབད་ནི་ ངེས་བརྟན་བཟོ་ཐབས་ལུ་ འཆར་གཞི་དེ་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ སློབ་དཔོན་གྱི་ ས་སྟོང་ཡོད་མི་ཚུ་ སྒོ་ཕྱེ་ནི་ཨིནམ་ལས་ དེ་གིས་ སློབ་སྟོན་ནང་ ལྕོགས་གྲུབ་ཅན་གྱི་ མི་ངོམ་ཚུ་ གདམ་འཐུ་འབད་ཚུགས་ནི་མས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ལྷན་ཁག་གིས་ གཏན་འཇགས་དང་ ཁག་འབག་སློབ་དཔོན་༢ ཆ་ར་ལུ་ སྣ་མང་ཁྱད་རིག་གོང་འཕེལ་གྱི་ གོ་སྐབས་ཐོག་ལས་ སྦྱོང་བརྡར་ཚུ་ཡང་ བྱིན་ནིའི་འཆར་གཞི་ཡོདཔ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ གཞི་རྟེན་མཐུན་རྐྱེན་དང་ རྩ་གཞུང་ དེ་ལས་ སེམས་ཤུགས་མཐུན་རྐྱེན་ཚུ་བྱིན་རུང་ ལྕོགས་གྲུབ་དང་ ཆེད་དམིགས་ཀྱི་ སློབ་དཔོན་ཚུ་མེདཔ་ལས་ ཤེས་རིག་གི་སྤུས་ཚད་ལུ་ ཐོ་ཕོག་བཞིན་ འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཤེས་རིག་གི་སྤུས་ཚད་དེ་ ལྕོགས་གྲུབ་ཅན་གྱི་ སློབ་དཔོན་ཚུ་ལུ་ རག་ལས་ནི་ཨིནམ་ལས་ སློབ་དཔོན་་ཚུ་གི་ གནས་ཚད་ཡར་དྲག་གཏང་ནི་ལུ་ ཁས་ལེན་འབད་དེ་ ཡོད་ཟེར་ཨིན་པས།
སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ལས་ གཙུག་ལག་ཁྱད་རྩལ་ཤེས་ཡོན་བརྩིས་ཏེ་ སློབ་རིམ་༡༢ པ་ལས་ སློབ་དཔོན་སློབ་སྦྱོང་གི་ གདམ་འཐུ་འབད་ནི་ བྱ་སྒོ་དེ་ དམ་སྒྲིང་འབད་དེ་ ཡོད་ཟེར་ཨིན་པས།
ན་ཧིང་ སློབ་དཔོན་སློབ་སྦྱོང་གི་དོན་ལུ་ ས་སྟོང་༣༠༠ ཡོད་མིའི་ནང་ བཅའ་མར་གཏོགས་༡༡,༠༠༠ དེ་ཅིག་ ཐོན་ཡོདཔ་ད་ སློབ་དཔོན་འབད་ནི་གི་ དང་འདོད་ཡོད་མི་ མི་ངོམ་ཚུ་གི་ སྤུས་ཚད་ཡར་དྲག་གཏང་དགོ་པའི་ བསམ་ལེན་ཚུ་ མཐོ་རིམ་སློབ་གྲྭ་ཚུ་ལས་ ལྷོད་ཅི་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཤེས་རིག་སྤུས་ཚད་དེ་ སློབ་དཔོན་ཚུ་གི་ ལྕོགས་གྲུབ་ལུ་ རག་ལས་ནི་ཨིནམ་ལས་ ལས་རིམ་དེ་གིས་ འགྱུར་བ་སྦོམ་སྦེ་ར་ འབག་ཚུགས་ནི་དང་ ལྷན་ཁག་གིས་ གཡོག་ཐོག་གི་ སྦྱོང་བརྡར་ཚུ་ལུ་ཡང་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡོག་ཐོག་གི་སྦྱོང་བརྡར་ འཕྲོ་མཐུད་ལྕོགས་གྲུབ་གོང་འཕེལ་སྦྱོང་བརྡར་ དམིགས་བསལ་ རྒྱ་གར་དང་ རྒྱལ་འཛིན་ཨེ་ཀ་ཌ་མེ་ཚུ་ནང་ འབད་དོ་ཡོདཔ་བཞིན་དུ་ དེ་ནང་ རྩིས་ཀྱི་སློབ་དཔོན་ཚུ་གི་ རིག་རྩལ་ཡར་དྲག་གཏང་དོ་ཟེར་ཨིན་པས།
ལྷན་ཁག་གིས་ ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ དེ་ལས་ རྩིས་(ཨིསི་ཊེམ་)ཤེས་ཡོན་ཚུ་ལུ་ གཙོ་རིམ་བཟུང་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ ཨིསི་ཊེམ་གྱི་ སློབ་གྲྭ་ཅིག་ཡང་ གཞི་བཙུགས་འབད་ནི་ འཆར་གཞི་ཡོདཔ་ཨིན་པས།
སློབ་གྲྭ་དེ་གིས་ སྤྱིར་བཏང་ གྲུབ་འབྲས་དང་ ཤེས་རིག་གི་ སྤུས་ཚད་ལུ་ ལྷན་ཐབས་འབྱུང་ནི་དང་ ལྕོགས་གྲུབ་ཅན་གྱི་ སློབ་དཔོན་ཚུ་ བཙུགས་དགོ་པའི་ ཁ་ཉེས་བཀོལ་མི་ཚུ་ཡང་ སེལ་ཐབས་འབད་ཚུགས་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་དཔོན་བགོ་བཀྲམ་དེ་ཡང་ སློབ་དཔོན་དགོས་མཁོ་ལས་སྣ་དང་འཁྲིལ་ཏེ་ འགྱོ་ནི་ཨིནམ་ད་ དེ་ཡང་ ཞི་གཡོག་གསར་བཙུགས་ལམ་ལུགས་དང་ འབྲེལ་མཐུད་འབད་བའི་ སློབ་དཔོན་བགོ་བཀྲམ་ཐབས་ལམ་ ཊི་ཊུལ་ཟེར་མི་ཐོག་ལས་ གསར་བཙུགས་འབད་དོ་ ཡོདཔ་ཨིན་པས།
སློབ་དཔོན་ཚུ་ཡང་ ཊི་ཊུལ་ལམ་ལུགས་ཀྱིས་ ངོས་འཛིན་འབད་ཐོག་ལས་ སློབ་གྲྭ་དགོས་མཁོ་དང་འཁྲིལ་ཏེ་ བགོ་བཀྲམ་འབད་དོ་ཡོདཔ་ལས་ སློབ་གྲྭ་ཅིག་ནང་ སློབ་དཔོན་ཚུ་ བགོ་བཀྲམ་འབད་ནི་ལུ་ ཁྱད་པར་མི་ཆགས་དོ་ཡོདཔ་ཨིན་པས།
བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སློབ་དཔོན་ཚུ་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ བགོ་བཀྲམ་འབད་བའི་ཤུལ་ལས་ སློབ་གྲྭ་ཚུ་ནང་ ས་སྟོང་བསུབ་ནི་དེ་ ཁོང་གི་ དབང་ཆ་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་རྐྱངམ་གཅིག་ལུ་བལྟ་སྟེ་ སློབ་གྲྭ་ལ་ལོ་ཅིག་ ལེགས་ཤོམ་ཡོདཔ་སྦེ་ ངོས་ལེན་འབད་དགོཔ་མེད་མི་དེ་ཡང་ དེ་ལུ་ གནད་དོན་ལེ་ཤ་འོང་ཟེར་ཨིན་པས།
སློབ་གྲྭ་དེ་ནང་ ཧེ་མ་ལས་ ཉམས་མྱོང་ཡོད་པའི་ཁར་ སློབ་ཕྲུག་ཚུ་ཡང་ ལེགས་ཤོམ་ཡོདཔ་མ་ཚད་ འགོ་ཁྲིདཔ་གིས་ རྒྱབ་སྐྱོར་བད་དེ་ཡོད་པ་ཅིན་ རང་བཞིན་གྱིས་ར་ གྲུབ་འབྲས་ལེགས་ཤོམ་བྱུང་འོང་ཟེར་ཨིན་པས།
སློབ་སྟོན་ཁྱད་རིག་ ཡར་དྲག་གཏང་ནི་ལུ་ རྒྱལ་ཡོངས་ཚོགས་སྡེ་ལས་གྲོས་འདེབས།
ཤེས་རིག་ནང་ རྒྱལ་ཡོངས་ཚོགས་སྡེའི་དམིགས་བསལ་ཚོགས་ཆུང་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ མི་སྟོབས་འཛིན་སྐྱོང་འབད་ནི་ དབང་ཆ་དེ་ ཧྲིལ་བུམ་བྱིན་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
ཚོགས་སྡེ་གིས་ བཀོད་མིའི་ནང་ ཤེས་རིག་དང་རིག་རྩལ་གོང་འཕལ་དེ་ ལྷན་ཁག་སྦོམ་ཡོདཔ་ལས་ སློབ་དཔོན་གྱི་ མི་སྟོབས་འཛིན་སྐྱོང་དེ་ རང་དབང་ཐོག་ལས་འབད་དགོཔ་ད་ ད་རེས་འབད་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འབད་དོ་ཡོདཔ་ཨིན་པས།
ལྷན་ཁག་ལུ་ རང་དབང་བྱིན་པ་ཅིན་ སློབ་སྟོན་གྱི་ ས་གོ་ལེགས་ཤོམ་བཟོ་ནི་དང་ དངུལ་འབྲེལ་གྱི་ སེམས་ཤུགས་མཐུན་རྐྱེན་ དེང་སང་གི་ སློབ་སྟོན་དང་ ལྷབ་སྦྱང་གི་མཐུན་རྐྱེན་ལ་སོགས་པ་ཚུ་ལུ་ དམིགས་གཏད་བསྐྱེད་མི་ སྲིད་བྱུས་ཚུ་ཡང་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ ཚོགས་ཆུང་གིས་ བཀོད་དེ་ཡོདཔ་ཨིན་པས།
དེ་བཟུམ་མའི་ སོར་སྒྱུར་འབད་བ་ཅིན་ དམིགས་བསལ་དང་ སེམས་ཤུགས་ དེ་ལས་ ཡུན་བརྟན་གྱི་སློབ་སྟོན་ས་གོ་ དེ་ལས་ སྤྱིར་བཏང་ ཤེས་རིག་གི་ལམ་ལུགས་ སྒྲིང་སྒྲི་བཟོ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
སློབ་དཔོན་གསར་བཙུགས་དང་ གདམ་འཐུ་ཐད་ལུ་ ཚོགས་སྡེ་གིས་ ད་རེས་ནངས་པའི་ གནས་སྟངས་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ལཱ་གཞན་མ་ཐོབ་ད་རྐྱངམ་གཅིག་ སློབ་དཔོན་ནང་ འཛུལ་ཞུགས་འབདཝ་མས་ཟེར་ཨིན་པས།
སློབ་དཔོན་ཚུ་ ཁོང་ར་གི་ ཁྱད་འཕགས་ཅན་གྱི་རིག་རྩལ་དང་ སེམས་ཤུགས་ལུ་ གཙོ་བོར་མ་བཏོན་པར་ ཤེས་ཡོན་གྱི་ ཁྱད་ཚད་ལུ་གཞི་བཞག་སྟེ་ གདམ་འཐུ་འབདཝ་མས་ཟེར་ཨིན་པས།
ཚོགས་ཆུང་གིས་ དོ་འགྲན་ཅན་གྱི་ སེམས་ཤུགས་བྱིན་ནི་དང་ རྒྱལ་ཁབ་སྒྲིང་སྒྲི་བཟོ་ནང་ སློབ་དཔོན་ཚུ་གི་ ཁག་ཆེ་བའི་འགན་ཁུར་ལུ་ གཙོ་བོར་བཏོན་དགོ་པའི་ གྲོས་འཆར་བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement