༉ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་གྱི་ སློབ་སྦྱོང་འཆར་གཞི་དེ་ལུ་ སྟབས་མ་བདེཝ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ད་ དེ་ཡང་ མང་ཤོས་ར་ ཁག་འབག་ཐོག་ལུ་ སློབ་སྟོན་འབད་མི་ སློབ་དཔོན་ཚུ་ལུ་བརྟེན་ཨིན་པས།
གནས་སྐབས་ཀྱི་ སློབ་དཔོན་ཚུ་ལུ་བརྟེན་པའི་བརྟེན་ སློབ་ཕྲུག་ཚུ་གིས་ སྦྱོང་བརྡར་ཡོངས་རྫོགས་འབད་མ་ཚུགསཔ་ལས་ དཀའ་ངལ་སྦོམ་བྱུང་དོ་ཡོདཔ་ད་ སློབ་དཔོན་མང་ཤོས་ཅིག་ དུས་ཡུན་ཐུང་ཀུ་གི་དོན་ལུ་ ཁག་འབག་ཐོག་ལས་ ལཱ་འབད་དོ་ཡོདཔ་ད་ ཁོང་གིས་ གནས་སྐབས་ཀྱི་ལཱ་གཡོག་ཚུ་ འཐོབ་ཚར་བའི་ཤུལ་ལུ་ ཁོང་རང་སྡོད་སའི་ས་གནས་གཞན་ཁར་ འགྱོ་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ འཕྲལ་འཕྲལ་སྦེ་ར་ སློབ་སྟོན་འཆར་གཞི་ནང་ ས་སྟོང་ཐོན་དོ་ཡོདཔ་ལས་ སློབ་སྟོན་འབད་མི་ཚུ་གིས་ སློབ་སྟོན་འབད་མ་ཚུགས་པར་ དུས་ཡུན་རིངམོ་སྦེ་ར་ ལུས་དོ་ཡོདཔ་ཨིན་མས།
རྒྱལ་ཁབ་ནང་ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་༧ ཡོད་མི་ སྦས་གླིང་དང་ ཆ་སྨད་ སྤུ་ན་ཁ་སློབ་གྲྭ་ལྟེ་བ་ ཁུ་རུ་ཐང་ བར་སྦིས་ས་འབྲིང་རིམ་སློབ་གྲྭ་བར་མ་ དེ་ལས་ བ་འཇོ་ཐང་འབྲིང་རིམ་སློབ་གྲྭ་གོང་མ་ཚུ་གིས་ སྤྱི་ལོ་༢༠༢༠ལས་ཚུར་ སྦྱོང་བརྡར་ཚུ་ བྱིན་ཏེ་ཡོདཔ་ཨིན་པས།
འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་ལས་རིམ་དེ་ ན་གཞོན་ཚུ་ལུ་ ལག་ཤེས་སྦྱོང་བརྡར་གྱི་ རིག་རྩལ་ཚུ་ བྱིན་ཐབས་ལུ་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ལཱ་གཡོག་གི་ཚོང་འབྲེལ་ནང་ རིག་རྩལ་མེད་པའི་དཀའ་ངལ་དང་ ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ དེ་ལས་ གཞན་ཡང་ ལག་ཤེས་སྦྱོང་བརྡར་གྱི་ཐད་ལུ་ དམའ་ཕབ་འབད་མི་ཚུ་ མར་ཕབ་འབད་ཐབས་ལུ་ཨིན་པས།
སློབ་གྲྭ་ཚུ་ག་ར་ རང་སོའི་གདམ་ཁ་ཅན་གྱི་ སློབ་སྦྱོང་ཚུ་ནང་ མཉམ་འབྲེལ་འབད་མ་ཚུགས་པར་ཡོདཔ་ད་ སློབ་གྲྭ་ལ་ལོ་ཅིག་གིས་ ཉེ་འདབས་ལུ་ཡོད་མི་ ལག་རྩལ་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ སློབ་དཔོན་ཚུ་ གནས་སྐབས་ཅིག་གི་དོན་ལུ་ ཁག་འབག་ཐོག་ལས་བཙུགས་ཏེ་ སློབ་གྲྭ་ཚུ་ནང་ སློབ་སྟོན་འབད་ནི་གི་ དཔའ་བཅམ་དོ་ཡོདཔ་ཨིན་རུང་ འདི་བཟུམ་མའི་ ཐབས་ལམ་དེ་ ཡུན་བརྟན་ཏོག་ཏོ་ཅིག་ མིན་འདུག་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ལག་ཤེས་སྦྱོང་བརྡར་ལས་རིམ་ འགོ་བཙུགས་པའི་སྐབས་ལུ་ རང་བྱུང་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་ཚུ་བཙུགས་ཏེ་ཡོད་རུང་ ད་རེས་འབདཝ་ད་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་དང་ ཡང་ཅིན་ ཕྱི་རྒྱལ་ལུ་ གོ་སྐབས་ལེགས་ཤོམ་འཚོལ་ནིའི་དོན་ལས་ ཡར་སོཔ་ཨིན་པས།
དུས་ཅི་ སློབ་གྲྭ་གིས་ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་གི་ སློབ་སྟོན་པ་གསརཔ་ ཆ་ཚང་སྦེ་ བཙུགས་ཡོདཔ་ཨིན་པས།
རང་བྱུང་སློབ་གྲྭ་ལྟེ་བའི་དབུ་འཛིན་ ཡོན་ཏན་སྙིང་སྟོབས་ཀྱིས་ སླབ་མིའི་ནང་ སློབ་དཔོན་ཅིག་ དགོངས་ཞུ་འགྱོ་བ་ཅིན་ སློབ་དཔོན་གསརཔ་ཅིག་ བཙུགས་ནིའི་དོན་ལུ་ ཟླཝ་ལས་བཅད་དེ་ འགོརཝ་མས་ཟེར་ཨིནམ་ད་ སློབ་གྲྭ་གི་གནས་ཚད་ནང་ ང་བཅས་རའི་ འཕྲུལ་རིག་གི་ལས་བྱེདཔ་ཚུ་ ཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་བྱིན་མི་ སློབ་དཔོན་ཚུ་ འཐོན་འགྱོ་བའི་སྐབས་ སློབ་ཚན་ནང་ སྦྱོང་བརྡར་བྱིན་ནི་གི་ དཔའ་བཅམ་ཡོད་རུང་ ས་སྟོང་བསུབ་ནི་དེ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
རང་བྱུང་སློབ་གྲྭ་ལྟེ་བ་གིས་ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་ཁག་༣ བྱིན་དོ་ཡོདཔ་ད་ དེ་ཡང་ གློག་རིག་སྲ་ཆས་དང་ ཡོངས་འབྲེལ་བཟོ་ཐངས་ གློག་མེ་ དེ་ལས་ འཛིན་ཆས་བཟོ་ནི་ཚུ་ཨིན་པས།
སྤུ་ན་ཁ་སློབ་གྲྭ་ལྟེ་བའི་ནང་ གློག་མེའི་སློབ་སྟོན་པ་མེད་པར་ ཟླཝ་༣ དེ་ཅིག་ ལང་དོ་ཡོདཔ་ད་ སློབ་གྲྭ་གིས་ ཞུ་བ་འབད་མི་དང་འཁྲིལ་ ཁོ་གིས་ འཕྲལ་འཕྲལ་སྦེ་ར་ བདུན་མཐའི་སྐབས་ལུ་དང་ ཡང་ཅིན་ སློབ་སྟོན་གྱི་སྐབས་ལུ་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་བར་ འོང་དོ་ཡོདཔ་ཨིན་མས།
སྤུ་ན་ཁ་སློབ་གྲྭ་ལྟེ་བ་གིས་ གློག་མེ་དང་ ལྕགས་རྩི་གཏང་ནི་གི་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ཨིན་པས།
སྦས་གླིང་སློབ་གྲྭ་ལྟེ་བའི་ དབུ་འཛིན་ངོ་ཚབ་ ཀུན་དགའ་དབང་ཕྱུག་གིས་ སླབ་མིའི་ནང་ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་གི་ སློབ་སྟོན་པ་ཚུ་བརྩིས་ཏེ་ མང་ཤོས་ཅིག་གིས་ ཚེ་གཡོག་ཡར་དྲག་གཏང་ནི་དང་ ལཱ་གཡོག་བརྟན་ཏོག་ཏོ་བཟོ་ནིའི་ གོ་སྐབས་ཐོབ་ཡོདཔ་སྦེ་ཨིནམ་ད་ ཁག་འབག་སློབ་དཔོན་ཚུ་གི་དོན་ལུ་ སེམས་ཕམ་པའི་གནད་དོན་གཅིག་ ཁོང་ཆ་ཁྱབ་ རྒྱལ་ཁབ་ཕྱི་ཁའི་སྦྱོང་བརྡར་ནང་ བཅའ་མར་གཏོགས་ནི་གི་ འོས་འབབ་མེད་མི་དེ་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ སློབ་རིམ་༩ པ་ལས་༡༢ པ་ཚུན་ སློབ་སྟོན་འབད་མི་ སློབ་དཔོན་གཅིག་ལས་བརྒལ་མེད་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ད་ ཁག་འབག་ཐོག་ སློབ་སྟོན་འབད་མི་ཚུ་ལུ་ ལཱ་ལྕི་དྲགས་ཡོདཔ་ལས་ སྤུས་ཚད་ཅན་གྱི་ཤེས་ཡོན་བྱིན་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་ནང་ སློབ་སྟོན་པ་ཚུ་ བཙུགས་ནི་གི་དོན་ལས་ རྒྱལ་འཛིན་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལམ་སྟོན་དང་འཁྲིལ་ཏེ་ཨིནམ་ད་ དེ་ཡང་ རྒྱལ་ཡོངས་མི་སྟོབས་འཆར་གཞི་དང་འཁྲིལ་ཏེ་ ཨིན་ཟེར་ཨིནམ་ད་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རིག་རྩལ་གོང་འཕེལ་གྱི་ལས་རིམ་དེ་ འཆར་གཞི་༡༣ པའི་ནང་ གཙོ་རིམ་བཟུང་སྟེ་ཡོདཔ་ལས་ གོང་འཕེལ་གྱི་ལས་རིམ་དེ་ཡང་ དེ་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement