༉ བཀྲིས་གཡང་ འབུམ་སྡེ་གླིང་རྒེད་འོག་ བམ་དིར་གཡུས་ཚན་ནང་ སྔོ་ཇ་བཟོ་ནིའི་འཕྲུལ་ཁང་ གཞི་བཙུགས་འབད་མི་དེ་གིས་ གཡུས་མི་ཚུ་ལུ་ ཁེ་ཕན་འབྱུང་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།

དེ་ཡང་ མི་དབང་རྒྱལ་བཙུན་ལས་འགུལ་དང་ བྷུ་ཊཱན་ཕོར་ལ་ཡིཕ་དང་ ལས་སྡེ་ཁག་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་དེ་ བཟོ་གྲྭ་ཁང་དང་འཕྲུལ་ཆས་ དེ་ལས་ འཁོར་ལམ་དང་གཞན་མི་ཅ་ཆས་ཚུ་ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།

བམ་དིར་སྔོ་ཇ་སྡེ་ཚན་འགོ་འདྲེན་པ་ རྣམ་སྲས་ཀྱིས་འབད་བ་ཅིན་ འཕྲུལ་ཆས་ལག་ལེན་འཐབ་སྟེ་ འོང་འབབ་དུམ་གྲྭ་རེ་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཀེ་བ་དང་ ཨེ་མའི་ཐོན་སྐྱེད་མར་བབས་སོང་ཡོདཔ་ལས་ སྔོ་ཇ་བཟོ་ཞིནམ་ལས་ འཚོ་བ་སྐྱོང་ནིའི་དོན་ལུ་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ས་གནས་ཀྱི་ སོ་ནམ་པ་མང་ཤོས་ར་ ཀེ་བ་དང་ ཨེ་མ་ལུ་བརྟེན་སྡོད་དོ་ཡོད་རུང་ ལོ་བསྟར་བཞིན་དུ་ ཐོན་སྐྱེད་མར་བབས་འགྱོ་དོ་ཡོདཔ་ལས་ སྔོ་ཇ་བཟོ་ནི་ལུ་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།

སྡེ་ཚན་གྱི་ འཐུས་མི་ཚུ་གིས་འབད་བ་ཅིན་ སྔོ་ཇ་བཟོ་ནི་ལུ་ གདོང་ལེན་ལེ་ཤ་ཡོདཔ་ལས་ འོང་འབབ་བཟོ་མི་ ཐོན་སྐྱེད་གཅིག་ལུ་བརྟེན་མ་དགོ་པར་ གདམ་ཁ་འོང་ནི་ཨིནམ་ལས་ དེ་གིས་ རང་སོའི་དཔལ་འབྱོར་གནས་སྟངས་ ཡར་དྲག་འགྱོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།

སྡེ་ཚན་གྱི་འཐུས་མི་ སྒྲོལ་མ་གིས་འབད་བ་ཅིན་ སྡེ་ཚན་དང་གཅིག་ཁར་ལཱ་འབད་དེ་ འོང་འབབ་བཟོ་ཚུགས་ནི་ཨིནམ་ལས་ སྡེ་ཚན་ནང་ འཛུལ་ཡི་ཟེར་ཨིནམ་ད་ ས་གནས་ནང་ སྔོ་ཇ་བཟོ་ནིའི་དོན་ལུ་ སྔོ་ཤིང་ལངམ་ཡོདཔ་ལས་ མཐར་འཁྱོལ་ཅན་སྦེ་ འགྱོ་ཚུགས་ནི་མས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ གཉའ་ཤིང་སྦྱོར་མ་ཤིང་ལུ་བརྟེན་ སྔོ་ཇ་བཟོ་ནི་ཨིནམ་མ་ཚད་ ས་གནས་ནང་ གཞན་མི་སྔོ་ཤིང་ཡང་ ཁྱབ་ཆེ་དྲགས་སྦེ་ར་ཡོད་ཟེར་ཨིན་པས།

གཉའ་ཤིང་སྦྱོར་མའི་ཤིང་དང་ སྔོ་ཤིང་གཞན་ཚུ་གིས་བཟོ་མི་ཇ་དེ་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཕན་ཐོགས་ཡོད་ལུགས་ཚུ་ གཡུས་མི་ཚུ་གིས་ བཤད་དོ་ཡོདཔ་ད་ སྔོ་ཤིང་མ་འདྲཝ་ཚུ་ བསྡུ་ལེན་འབད་དེ་ ཧེ་མ་ལས་ར་ ཇ་རིལ་བཟོ་སྲོལ་འདུག་ཟེར་ཨིན་པས།

འཕྲུལ་ཁང་དེ་གིས་ སྔོ་ཇ་མ་འདྲཝ་༣ བཟོ་དོ་ཡོདཔ་ད་ སྡེ་ཚན་གྱིས་ ཚོང་འབྲེལ་དུམ་གྲ་རེ་འབད་ནི་ འགོ་བཙུགས་ཡོདཔ་ད་ སྔོ་ཇ་འཐུང་པ་ཅིན་ ཁེ་ཕན་ཡོད་ཟེར་ ངག་རྒྱུན་ཐོག་ལུ་ཡོདཔ་མ་གཏོགས་ ཞིབ་འཚོལ་འབད་དེ་མེདཔ་ཨིན་པས།

སྔོ་ཇ་བཟོ་སྦྱོར་ཁང་གིས་ འོང་འབབ་བཟོ་ནི་ འགོ་བཙུགས་པའི་ཤུལ་ལུ་ ས་གནས་ཀྱི་མི་སེར་ཚུ་ལུ་ ཁེ་ཕན་འབྱུང་ནི་ཨིན་མི་དེ་ཡང་ མི་སེར་ཚུ་གིས་ ནགས་ཚལ་ནང་ལས་ སྔོ་ཤིང་ཚུ་འཐུ་སྟེ་ འཕྲུལ་ཁང་ལུ་བཙོང་ནི་དང་ ལྷག་པར་དུ་ སྔོ་ཤིང་འཛུགས་སྐྱོང་འབད་དེ་ ཤུལ་ལས་ བཟོ་སྦྱོར་ཁང་ལུ་ ཚོང་འབྲེལ་འཐབ་ཐོག་ལས་ འོང་འབབ་བཟོ་ཚུགས་པའི་ དམིགས་གཏད་ཡོད་ནི་དེ་གིས་ཨིན་པས།

སྡེ་ཚན་གྱི་འཐུས་མི་གཞན་ ཡེ་ཤེས་ལྷ་མོ་གིས་འབད་བ་ཅིན་ སོ་ནམ་པ་མང་ཤོས་ཀྱིས་ སྔོ་ཇ་བཟོ་མི་ སྔོ་ཤིང་ཚུ་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ མ་འོངས་པའི་ནང་ སྔོ་ཇ་གི་ཚོང་འབྲེལ་ ལེགས་ཤོམ་འགྱོ་བ་ཅིན་ ས་གནས་ཀྱི་ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ སྤྲོད་ཚུགས་ནི་ཨིནམ་མ་ཚད་ འོང་འབབ་ཡང་ བཟོ་ཚུགས་ནི་མས་ཟེར་ཨིན་པས།

ས་གནས་ཀྱི་མི་ཚུ་འོང་འབབ་ ཨེ་མ་དང་ ཀེ་བ་རྐྱངམ་གཅིག་ལུ་ བརྟེན་སྡོད་དོ་ཡོདཔ་ལས་ མ་འོངས་པའི་ནང་ ཨེ་མ་དང་ ཀེ་བ་ལེགས་ཤོམ་སྦེ་ ཐོན་སྐྱེད་འབད་མ་ཚུགས་པ་ཅིན་ ཡུན་བརྟན་འོང་འབབ་ལུ་ གནོད་ནི་ཨིནམ་ལས་ སྔོ་ཇ་བཟོ་ནི་ལུ་ སྤྲོ་བ་བསྐྱེད་ཡི་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ བམ་དིར་སྔོ་ཇ་གི་ ཚོང་འབྲེལ་ལེགས་ཤོམ་འགྱོ་བ་ཅིན་ འོང་འབབ་བཟོ་མི་ཚུ་ སྡེ་ཚན་གྱི་འཐུས་མི་ཚུ་ བགོ་བཤའ་རྐྱབ་ནི་དང་ སྐྱིན་འགྲུལ་ཆུང་ཀུ་རེ་ བྱིན་ཐོག་ལས་ འཚོ་བའི་གནས་སྟངས་ཡར་བཏང་ནིའི་ དམིགས་གཏད་ཡོད་ཟེར་ འགོ་འདྲེན་པ་རྣམ་སྲས་ཀྱིས་ བཤདཔ་ཨིན་པས།

འོང་མ་ནང་ བམ་དིར་ཚོགས་པ་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ སྔོ་ཇ་ལུ་བརྟེན་ ས་གནས་ཀྱི་མི་སེར་ཚུ་ལུ་ འཚོ་བའི་གནས་སྟངས་ཡར་དྲག་དང་ མི་སེར་ཉམ་ཆུང་ལུ་ ཁེ་ཕན་འབྱུང་འོང་ཟེར་ཨིནམ་ད་ སྔོ་ཇ་འཕྲུལ་ཆས་གཞི་བཙུགས་འབད་བ་ཅིན་ ཁེ་ཕན་ཡོད་ལུགས་ཚུ་ ཧེ་མ་ལས་ར་ གྲོས་འཆར་བཙུགས་ཡི་ཟེར་ཨིན་པས།

འཕྲུལ་ཁང་དང་འཕྲུལ་ཆས་ དེ་ལས་ སྔོ་ཆ་བཞག་སའི་ཁང་མིག་ལ་སོགས་པ་ཚུ་ རྐྱབ་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤.༤༠༧ དེ་ཅིག་བཏང་ཡོདཔ་ད་ བཀྲིས་གཡང་རྩེ་ཁྲོམ་ལས་ ཀི་ལོ་མི་ཊར་༡༠དེ་ཅིག་གི་ས་ཁོངས་ནང་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

 

གནས་བརྟན་རྡོ་རྗེ།བཀྲིས་གཡང་རྩེ།

Advertisement