༉ དུས་ཅི་ལས་ འགོ་བཙུགས་ཏེ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ མོ་བཏབ་ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་བཟོ་སྟེ་ སློབ་གྲྭ་ཚུ་ལུ་ མི་གཏང་ནི་ཨིན་པས།
དེ་ཡང་ ཕན་ནུས་ཀྱི་ བསྐྱར་ཞིབ་རྒྱས་པར་དང་ མོ་བཏབ་ཀྱི་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ གཞི་བཞག་ཐོག་ལས་ ཐག་བཅད་ཡོདཔ་ཨིན་པས།
ན་ཧིང་ ཚོགས་སྡེ་གིས་ མོ་བཏབ་ཐོག་ལས་ གནས་ཚད་ལྡན་པའི་ དྲི་ཤོག་ཚུ་བཟོ་སྟེ་ སློབ་གྲྭ་ཚུ་ནང་ བཏང་མི་དེ་ཡང་ གཅིག་མཚུངས་དང་ གནས་སྡུད་ཡར་དྲག་ དེ་ལས་ སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་ཀྱི་གནས་སྟངས་ ལེགས་ཤོམ་སྦེ་ ཧ་གོ་ཐབས་ལུ་ཨིན་པས།
ཨིན་རུང་ ཚོགས་སྡེ་གིས་ ལམ་ལུགས་དེ་གིས་ སློབ་ཕྲུག་ཚུ་གི་ གྲུབ་འབྲས་ལུ་ དེ་ཅིག་ཁར་ ཁྱད་པར་མེདཔ་སྦེ་ མངོན་གསལ་བྱུང་ནུག།
ཚོགས་སྡེའི་ཚད་འཛིན་ངོ་ཚབ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ དྲི་ཤོག་ཚུ་གིས་ སློབ་ཕྲུག་ཚུ་ལུ་ སྤྱིར་བཏང་གི་ ཉམས་མྱོང་བྱིན་ནི་དང་ གལ་ཅན་ཨིནམ་སྦེ་ བྱིན་ནི་གི་ དམིགས་ཡུལ་ཡོད་རུང་ ཆོས་རྒྱུགས་ཀྱི་ བྱ་སྒོ་ནང་ ཕན་ཁྱད་ཅིག་ ཐོབ་མ་ཚུགས་པས་ཟེར་ཨིན་པས།
ཚོགས་སྡེ་གིས་ དྲི་ཤོག་བཟོ་རུང་ མཐའ་བཅད་ཆོས་རྒྱུགས་ཀྱི་སྐུགས་དང་ འབྲེལ་བ་མེདཔ་ད་ སློབ་ཕྲུག་ཚུ་གིས་ མོ་བཏབ་ཀྱི་ ཆོས་རྒྱུགས་དེ་ གལ་ཅན་ཅིག་སྦེ་ ངོས་ལེན་མ་འབད་མི་དེ་ཡང་ མཐའ་བཅད་ཆོས་རྒྱུགས་ཀྱི་ སྐུགས་དང་ ཁྱད་པར་ག་ནི་ཡང་ མ་བཟོ་མི་ལུ་བརྟེན་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་གི་ ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་ ཚོགས་སྡེའི་ཡོངས་འབྲེལ་ནང་ལས་ ཐོབ་ཚུགས་དོ་ཡོདཔ་ལས་ དེ་གིས་ མོ་བཏབ་ཀྱི་ ཆོས་རྒྱུགས་ཀྱི་ དྲི་ཤོག་གསརཔ་བཟོ་མི་དེ་ མཁོ་མེད་འགྱོ་དོ་ཡོད་པའི་ཁར་ མཐུན་རྐྱེན་མངམ་གནསཔ་མས་ཟེར་ཨིན་པས།
ན་ཧིང་ གཞུང་གི་ཆོས་རྒྱུགས་ནང་ སློབ་ཕྲུག་ཚུ་གི་ གྲུབ་འབྲས་དེ་ཅིག་ར་ མེདཔ་ཨིན་པས།
སློབ་རིམ་༡༢ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་མར་བབས་དང་ སློབ་རིམ་༡༠ པའི་ གྲུབ་འབྲས་འབད་བ་ཅིན་ དུམ་གྲ་ཅིག་ལས་བརྒལ་ ལེགས་ཤོམ་མ་འགྱོ་མི་ལུ་བལྟ་བ་ཅིན་ ཚོགས་སྡེའི་མོ་བཏབ་ཆོས་རྒྱུགས་ཀྱི་ དྲི་ཤོག་གིས་ ཁྱད་པར་དེ་ཅིག་ར་མེདཔ་སྦེ་ མཐོང་ཅི་ཟེར་ ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ ཚོགས་སྡེ་གིས་ སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ གཞུང་གི་ཆོས་རྒྱུགས་ཀྱི་ ཆོས་ཚན་ག་རའི་  དྲིས་ལན་དཔེ་དེ་ ཡོངས་འབྲེལ་ནང་བཙུགས་ཏེ་ རྒྱབ་སྐྱོར་འབད་ནི་ཨིནམ་ད་ དེ་ཡང་ སྐུགས་བྱིན་ནི་ལམ་ལུགས་དང་ ཆོས་རྒྱུགས་ཀྱི་ལན་ཤོག་དང་འབྲེལ་བའི་ མགུ་འཐོམ་བྱུང་མི་གི་ དཀའ་ངལ་ཚུ་ཡང་ སེལ་ཐབས་འབད་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་ དོན་དག་ལེ་ཤ་ཐོག་ལས་ དྲིས་ལན་དཔེ་ཚུ་ ཡོངས་འབྲེལ་ནང་ མ་བཙུགས་པར་ བཞག་ཡོདཔ་ད་ ཨིན་རུང་ དུས་ཅི་ལས་འགོ་བཙུགས་ཏེ་ དུས་ཐོག་ལུ་ རྒྱབ་རྟེན་འབད་ནིའི་དོན་ལུ་ ཡོངས་འབྲེལ་ནང་ བཙུགས་འོང་ཟེར་ཨིན་པས།
ན་ཧིང་ ཚོགས་སྡེ་གིས་ དྲི་ལོག་གཞི་བཀོད་འབད་ནི་ལུ་ རྩ་གཞུང་བཟོ་མི་ཚུ་དང་ མཉམ་འབྲེལ་འབད་ནི་སྦེ་ གསལ་བསྒྲགས་འབད་དེ་ མོ་བཏབ་ཆོས་རྒྱུགས་ཀྱི་ ལས་རིམ་ཚུ་ ཚོགས་སྡེ་གིས་ བལྟ་ནི་སྦེ་ ཡོདཔ་ཨིན་པས།
ཨིན་རུང་ མོ་བཏབ་ཀྱི་ ལས་རིམ་དེ་ གཏན་འཇགས་བཟོ་ནི་གི་ དམིགས་ཡུལ་མེདཔ་ད་ འཕྲལ་ཁམས་ཀྱི་ དབྱེ་ཞིབ་དང་འཁྲིལ་ཏེ་ འཕྲོ་མཐུད་མི་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ད་རེས་ སློབ་དཔོན་ལ་ལུ་ཅིག་ བསྒྱུར་བཅོས་འབད་བའི་སྐབས་ ཤེས་རྟོགས་མེདཔ་ལས་ མོ་བཏབ་ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་ ན་ཧིང་བཟུམ་སྦེ་ ཚོགས་སྡེ་ལས་ འོང་ནི་གི་ རེ་བ་བསྐྱེད་དེ་ ཡོདཔ་ཨིན་པས།
ཚོགས་སྡེ་གིས་ གནད་དོན་དེའི་སྐོར་ལས་ དུས་ཅི་ སྤྱི་ཟླ་༥ པ་ལས་ སློབ་གྲྭའི་དབུ་འཛིན་ཚུ་ལུ་ སྙན་ཞུ་འབད་དེ་ ཡོདཔ་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་དཔོན་ཚུ་ མགུ་འཐོམ་བྱུང་མི་དེ་ཡང་ དབུ་འཛིན་ཚུ་གིས་ སློབ་དཔོན་ཚུ་ལུ་ སྙན་ཞུ་མ་འབད་མི་ལུ་བརྟེན་ འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement