བཀྲིས་ཕུན་ཚོགས།

༉ སྐྱེས་ལོ་༢༢ ལང་མི་ མཛོག་ཁྱད་མིག་བརྗེ་མི་ མིག་དམར་རྡོ་རྗེ་གིས་ ཀ་ཛགསི་ཊཱན་རྒྱལ་ཁབ་ཀྱི་ ཨཱསི་ཏ་ན་ལུ་སྦེ་ འགོ་འདྲེན་འཐབ་མི་ ཨེ་ཤི་ཡཱན་མཛོག་ཁྱད་འགྲན་བསྡུར་ སྐོར་ཐེངས་དང་པའི་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ལྗིད་ཚད་ཀེ་ཇི་༤༨ འབད་མི་ དབྱེ་ཁག་ནང་ མིག་དམར་རྡོ་རྗེ་གིས་ ཏ་ཇི་ཀིསི་ཊཱན་རྒྱལ་ཁབ་ཀྱི་ རྩེད་འགྲན་པ་དང་གཅིག་ཁར་ འགྲན་བསྡུར་འབདཝ་ད་ མིག་དམར་རྡོ་རྗེ་གིས་ རིག་རྩལ་གཞན་དང་མ་འདྲཝ་ཅིག་སྦེ་ མཛོག་ཁྱད་རྐྱབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་སྦེ་ཨིན་པས།

མཛོག་ཁྱད་བརྗེ་མི་ མིག་དམར་རྡོ་རྗེ་གིས་ ཕམ་བཏང་མི་ ཏ་ཇི་ཀིསི་ཊཱན་རྒྱལ་ཁབ་ཀྱི་ རྩེད་འགྲན་པ་དེ་ སྤྱི་ལོ་༢༠༢༣ གྱི་ ཨེ་ཤི་ཡཱན་ ན་གཞོན་མཛོག་ཁྱད་འགྲན་བསྡུར་ནང་ལས་ དྲག་ཤོས་ཨང་༣ པ་ཐོན་ཏེ་ ཟངས་ཀྱི་རྟགས་མ་ཐོབ་མི་ཨིན་པས།

དེ་བཟུམ་སྦེ་ སྐྱེས་ལོ་༡༩ ལང་མི་ མཛོག་ཁྱད་བརྗེ་མི་ ཀུན་ལེགས་ཕུན་ཚོགས་ཀྱིས་ ལྗིད་ཚད་ཀེ་ཇི་༥༡ འབད་མི་ དབྱེ་ཁག་ནང་ རྩེད་འགྲན་འབད་ནི་ཨིན་རུང་ ཁོ་གིས་ སྐོར་ཐེངས་དང་པའི་ནང་ མེན་པར་ བའེ་ཟེར་ སྐོར་ཐེངས་དང་པའི་འགྲན་བསྡུར་འབད་མི་ཚུ་ལས་ རྒྱལ་ཁ་ཐོབ་མི་ རྩེད་འགྲན་པ་གཅིག་ཁར་ ཐད་ཀར་དུ་སྦེ་ རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།

ཁོ་གི་ དབྱེ་ཁག་ནང་ དོ་འགྲན་འབད་མི་ མཛོག་ཁྱད་བརྗེ་མི་༡༣ ཡོདཔ་ལས་ རྩེད་འགྲན་འབད་དགོཔ་ཨིན་པས།

སྐྱེས་ལོ་༡༨ ལང་མི་ བདེ་ཆེན་རྡོ་རྗེ་གིས་ ལྗིད་ཚད་ཀེ་ཇི་༦༠འབད་མི་ དབྱེ་ཁག་ནང་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ རྩེད་འགྲན་འབད་བའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ ཕམ་བཏང་ཡོདཔ་ལས་ ཤུལ་མའི་ རྩེད་འགྲན་འབད་ནིའི་གོ་སྐབས་ འཐོབ་མ་ཚུགསཔ་ཨིན་པས།

འབྲུག་རྒྱལ་ཁབ་ལས་ མཛོག་ཁྱད་འགྲན་བསྡུར་འབད་མི་༣ དང་གཅིག་ཁར་ རྒྱལ་ཁབ་༢༥ ལས་ མཛོག་ཁྱད་བརྗེ་མི་༤༠༠ལྷགཔ་ཅིག་གིས་ ཨེ་ཤི་ཡཱན་མཛོག་ཁྱད་ཚོགས་པའི་ ན་གཞོན་སྐྱེས་ལོ་༢༢ མན་ཆད་འབད་མི་ མཛོག་ཁྱད་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

Advertisement