༉ སྤུ་ན་གཙང་ཆུ་དང་པ་དང་ སྤུ་ན་གཙང་ཆུ་༢ པའི་ ཆུར་བརྟན་གློག་མེ་ལས་འགུལ་ཆེ་བ་༢ མཇུག་བསྡུ་ནི་ལུ་ ཡུན་འགྱངས་ལུས་མི་དང་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ ཕར་བཤུད་རྐྱབ་པའི་ཤུལ་ལས་ ཁུ་སིམ་སི་སྦེ་ལུས་ཡོདཔ་ཨིན་རུང་ གཞུང་གིས་ རྒྱལ་ཁབ་ཀྱི་ ཆུར་བརྟེན་གློག་མེའི་ རེ་འདོད་འགྲུབ་ནིའི་དོན་ལུ་ ལོག་སྟེ་ར་ འཕྲོ་མཐུད་ལག་ལེན་འཐབ་ནི་ཨིན་པས།
གཞུང་གིས་ འཆར་གཞི་༡༣ པའི་ནང་ གློག་མེ་ལས་འགུལ་ཆེ་བ་༡༠བཟོ་སྐྲུན་འབད་ནིའི་འཆར་གཞི་ཡོདཔ་ད་ འཆར་གཞི་དང་འཁྲིལ་ཏེ་འགྱོ་བ་ཅིན་ གློག་མེ་ལས་འགུལ་ཆེ་བ་ཚུ་གི་ ལག་ལེན་འགོ་བཙུགས་པའི་བསྒང་ལས་ འབྲུག་གིས་ གློག་མེའི་ནུས་ཤུགས་ མེ་ག་ཝཱཊ་༡༠,༠༠༠ལྷགཔ་ཅིག་ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།
ཤུལ་མའི་ལོ་༥ འི་རིང་ གཞུང་གིས་ ནུས་ཤུགས་མེ་ག་ཝཱཊ་༡༠,༠༠༠ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ལས་ ཡོངས་བསྡོམས་ཧ་ལམ་ མེ་ག་ཝཱཊ་༥,༥༠༠ཐོན་སྐྱེད་འབད་ནི་ཨིནམ་ད་ གསར་བཏོད་འདི་གི་དོན་ལུ་ གཞུང་གིས་ འཆར་གཞི་༡༣ པའི་ཕྱི་ཁར་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༥༢༧ བགོ་བཀྲམ་འབད་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་ཆེ་བ་༡༠གྱི་གྲངས་སུ་ མེ་ག་ཝཱཊ་༤༠༤ འབད་མི་ ཉེ་ར་ཨ་མ་རི་ཆུ་དང་ མེ་ག་ཝཱཊ་༦༠༠འབད་མི་ མཁོ་ལོང་ཆུ་ མེ་ག་ཝཱཊ་༡,༡༢༥ འབད་མི་ རྡོ་རྗེ་ལུང་ མེ་ག་ཝཱཊ་༡༨༠འབད་མི་ བུ་ན་ཁ་ མེ་ག་ཝཱཊ་༩༠༠འབད་མི་ ཝང་ཆུ་ མེ་ག་ཝཱཊ་༣༦༣ འབད་མི་ མཁོ་མ་ཆུ་ མེ་ག་ཝཱཊ་༡༧༠འབད་མི་ དྭངས་ཆུ་ མེ་ག་ཝཱཊ་༧༧༠འབད་མི་ ལྕམ་མཁར་ཆུ་དང་པ་ མེ་ག་ཝཱཊ་༢,༥༨༥/༤,༠༦༠འབད་མི་ སཱུན་ཀོཤ་ དེ་ལས་ མེ་ག་ཝཱཊ་༢,༨༠༠འབད་མི་ ཀུར་རི་གོང་རི་ཨིན་པས།
འཆར་གཞི་༡༣ པའི་ནང་ འཆར་གཞི་བཟོ་སྟེ་ཡོད་མི་ གློག་མེ་ལས་འགུལ་ཆེ་བ་༡༠གྱི་གྲས་ལས་ མེ་ག་ཝཱཊ་༡,༡༢༥ འབད་མི་ རྡོ་རྗེ་ལུང་དང་ མེ་ག་ཝཱཊ་༡༨༠འབད་མི་ བུ་ན་ཁ་གློག་མེ་ལས་འགུལ་དེ་ འགོ་དང་པ་ བཟོ་སྐྲུན་འབད་ནི་ཨིན་པས།
འབྲུག་སྔོ་ལྗང་གློག་མེ་ལས་འགུལ་གྱིས་ བཤད་མི་དང་འཁྲིལཝ་ད་ རྡོ་རྗེ་ལུང་དང་ བུ་ན་ཁ་གློག་མེ་ལས་འགུལ་གྱི་དོན་ལུ་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་ཚུ་ ད་ལྟོ་ དུས་མཐུན་བཟོ་ཚར་ཏེ་ཡོདཔ་བཞིན་དུ་ ལས་འགུལ་གྱི་བྱ་རིམ་ཚུ་ འཕྲལ་མགྱོགས་ར་ གྲོས་བསྟུན་འབད་ནི་ཨིན་པས།
རྩིས་ལོ་༢༠༢༤ དང་༢༠༢༥ ལོའི་ རྒྱལ་ཡོངས་འཆར་དངུལ་སྙན་ཞུ་ནང་ མེ་ག་ཝཱཊ་༡,༡༢༥ འབད་མི་ རྡོ་རྗེ་ལུང་གློག་མེ་ལས་འགུལ་གྱི་ མ་དངུལ་དོན་ལས་ འཛམ་གླིང་དངུལ་ཁང་ལུ་ ཞུ་བ་འབད་དེ་ཡོདཔ་ད་ ལས་འགུལ་དེ་ སང་ཕོད་སྤྱི་ཟླ་༡༠པའི་ནང་ འགོ་བཙུགས་ཚུགས་པའི་རེ་བ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༣༡ ཟླ་༡༠པའི་ནང་ མཇུག་བསྡུ་ནི་ཨིན་པས།
མེ་ག་ཝཱཊ་༡༨༠འབད་མི་ བུ་ན་ཁ་གློག་མེ་ལས་འགུལ་གྱི་དོན་ལུ་ འཛམ་གླིང་དངུལ་ཁང་གོང་འཕེལ་ལུ་ ཞུ་བ་འབད་དེ་ཡོདཔ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༢༦ ཟླ་༢ པའི་ནང་ འགོ་བཙུགས་ཚུགས་པའི་རེ་བ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༣༢ ཟླ་༢ པའི་ནང་ མཇུག་བསྡུ་ནི་ཨིན་པས།
འབྲུག་སྔོ་ལྗང་གློག་མེ་ལས་འགུལ་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འཆར་གཞི་ནང་ཚུད་དེ་ཡོད་མི་ གློག་མེ་ལས་འགུལ་ལ་ལོ་ཅིག་གི་ ཁ་གསལ་སྙན་ཞུ་ཚུ་ ད་ལྟོ་ གནས་རིམ་སྣ་ཚོགས་ཀྱི་ཐོག་ལུ་ བཟོ་བའི་བསྒང་ཡོདཔ་ད་ དེ་ཡང་ ལ་ལོ་ཅིག་ ངོས་ལེན་འབད་དེ་ཡོདཔ་ད་ ལ་ལོ་ཅིག་ དུས་མཐུན་འབད་བའི་བསྒང་ཡོདཔ་བཞིན་དུ་ གཞན་མི་ཚུ་ བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ དངུལ་ཀྲམ་ཐེར་འབུམ་༡.༥ གློག་མེ་ལས་སྡེའི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོདཔ་ད་ ཐབས་རིག་མཉམ་འབྲེལ་ཚོགས་ཆུང་གིས་ སྤུ་ན་གཙང་ཆུ་དང་པའི་ ཆུ་བཀག་ར་ས་ཁོངས་ཀྱི་ གཡས་ཁ་ཐུག་ལུ་ ཆུ་བཀག་ར་བཟོ་སྐྲུན་འབད་ནིའི་དོན་ལས་ ཤུལ་མའི་ཟླཝ་ནང་ རྒྱ་གར་ནིའུ་ལྡི་ལི་ལུ་སྦེ་ མཐའ་དཔྱད་གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement