༉ འབྲུག་འཛམ་གླིང་གྲོས་གནས་དུས་སྐལ་ལེའུ་ཚན་དེ་ ཁ་ཙ་ རྒྱལ་སྤྱི་ན་གཞོན་གྱི་ཉིནམ་ལུ་ འགོ་འབྱེད་འབད་ཡོདཔ་ད་ དེ་ཡང་ འཛམ་གླིང་དུས་སྐལ་ལེའུ་ཚན་༡༤ པའི་ རྒྱལ་ཁབ་ཀྱི་འཛུལ་སྒོའི་ དོན་ཚན་ལུ་དམིགས་ཏེ་ཨིན་པས།
སྤྱི་ཟླ་༥ པའི་ནང་ འབྲུག་ཚོང་འབྲེལ་དང་མ་རྩ་གྲོས་གནས་ཀྱི་སྐབས་ལུ་ འགོ་འབྱེད་འབད་བའི་ཁར་ ལེའུ་ཚན་དེ་ རྒྱལ་ཁབ་ནང་ལས་ དང་འདོད་ཅན་གྱི་ སོ་ནམ་དང་འབྲེལ་བའི་ བཟའ་སྤྱོད་སྡེ་ཚན་ནང་ ལེགས་སྒྱུར་འབད་ཐབས་དང་ འགོ་ཁྲིད་ཅན་གྱི་ ན་གཞོན་རང་རྐྱང་ཡོངས་འབྲེལ་དོན་ལུ་ཨིནམ་བཞིན་དུ་ དུས་སྐལ་ལེའུ་ཚན་དེ་ནང་ ཆ་ཤས་ཅན་གྱི་ ན་གཞོན་༡༠༠ ཡོདཔ་ཨིན་པས།
ཉིནམ་གཉིས་ཀྱི་ལས་རིམ་དེ་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ འཛམ་གླིང་སྤྱི་ཚོགས་བཟའ་སྤྱོད་དང་ སོ་ནམ་ལས་ཚོགས་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
མཁས་ཚོགས་ཀྱི་ ཞལའཛོམས་དེ་ ཁ་ཙ་མཇུག་བསྡུད་ཡོདཔ་ད་ དེ་ཁར་ རྫོང་ཁག་༡༨ ལས་ ན་གཞོན་༢༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་པའི་ཁར་ ལྷན་ཁག་གི་འགོ་དཔོན་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་ཚབ་ དེ་ལས་ ས་གནས་ཀྱི་ཚོང་འབྲེལ་བ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དུས་སྟོན་དེ་ཁར་ ན་གཞོན་ཚུ་ལུ་ སྲིད་འཆར་གོང་འཕེལ་ལས་རིམ་དང་ རིག་རྩལ་རྒྱ་སྐྱེད་ སོ་ནམ་བཟའ་སྤྱོད་སྡེ་ཚན་ནང་ ཁྱད་འཕགས་ཅན་གྱི་ཚོང་འབྲེལ་གྱི་སྐོར་ལས་ གསལ་སྟོན་འབད་ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ལུ་ ཇ་པཱན་ཀ་ན་ཛ་ཝ་འཕྲུལ་རིག་གཙུག་ལག་དང་ འབྲུག་བཟའ་སྤྱོད་དང་ སོ་ནམ་ལས་ཚོགས་ དེ་ལས་ འབྲུག་འཛམ་གླིང་གྲོས་གནས་དུས་སྐལ་ལེའུ་ཚན་ཚུ་ མཉམ་འབྲེལ་ཐོག་ལས་ བཟོ་བཀོད་འབད་མི་ འབྲུག་གི་སྣ་མང་ཡུན་བརྟན་གོང་འཕེལ་དམིགས་ཡུལ་ཚུ་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
གྲོས་བསྡུར་གྱི་སྐབས་ལུ་ དོན་ཚན་གཙོ་བོ་བཞི་གི་ཐོག་ལུ་ ན་གཞོན་ལག་ལེན་དང་ ཁྱད་འཕགས་ཅན་གྱི་ རྫས་དཔྱད་ཁང་ ཤེས་ཡོན་ དེ་ལས་ ལམ་སྲོལ་ཚུ་སོར་སྒྱུར་འབད་དགོ་པའི་ གྲོས་བསྟུན་འབད་བའི་ཁར་ གཞན་ཡང་ ཚོང་འབྲེལ་གྱི་སྒོ་ལས་ སོ་ནམ་བཟའ་སྤྱོད་ལམ་ལུགས་ལེགས་སྒྱུར་ མི་སྡེའི་གནས་སྟངས་ནང་ ཨང་གནས་ཅན་གྱི་ཐབས་བྱུས་ དེ་ལས་ གཞུང་གིས་ ན་གཞོན་ཚུ་ལུ་ ཚོང་འབྲེལ་ནང་རྒྱབ་སྐྱོར་འབད་ནི་ཚུ་གི་སྐོར་ལས་ གྲོས་བསྡུར་ཞིབ་པར་འབད་ཡོདཔ་ཨིན་པས།
དོན་ཚན་དེ་གི་ཐོག་ལུ་ དྲན་ཤེས་བཏོན་དགོ་མི་དང་ སེམས་ཁམས་འཕྲོད་སྦྱོར་ ན་གཞོན་འགོ་ཁྲིད་སོ་ནམ་བཟའ་སྤྱོད་ལམ་ལུགས་ ལེགས་སྒྱུར་ཚུ་གི་ སྐོར་ལས་ཡང་ གྲོས་བསྡུར་ཚུ་ ཁ་ཙ་ འབད་ཡོདཔ་ཨིན་པས།
སོ་ནམ་དང་ སྒོ་ནོར་ལྷན་ཁག་གི་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ འཆར་གཞི་༡༣ པའི་ནང་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༥༠ བཟོ་ནིའི་དམིགས་ཡུལ་ཡོདཔ་ད་ དེ་ཚུ་ ན་གཞོན་སོ་ནམ་ཚོང་འབྲེལ་ལུ་ གོ་སྐབས་བྱིན་ཏེ་ ཡོད་ཟེར་ཨིནམ་ད་ ན་གཞོན་ཚུ་གིས་ ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་ཐབས་ཏེ་ གལ་སྲིད་ གཞུང་ལས་ གྲོགས་རམ་དགོཔ་ཡོད་དེ་འབད་རུང་ ལེན་དགོ་ཟེར་ཨིན་པས།
འབྲུག་དང་ནེ་པཱལ་གྱི་བཟའ་སྤྱོད་དང་ སོ་ནམ་ལས་ཚོགས་ཀྱི་འཐུས་མི་ ཀེན་ཤི་མི་ཛུ་གིས་ བཤད་མིའི་ནང་ ན་གཞོན་འགོ་ཁྲིད་ལེའུ་ཚན་གྱི་ཐོག་ལས་ གོ་སྐབས་ལེན་ཏེ་ ཕྱིའི་མ་དངུལ་ཚུ་ སོ་ནམ་བཟའ་སྤྱོད་སྡེ་ཚན་ནང་ ལག་ལེན་འཐབ་ནི་ལུ་ རྩ་འགེངས་དགོ་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ ལས་༢༠༢༨ ཀྱི་ནང་འཁོད་ལུ་ འབྲུག་སོ་ནམ་བཟའ་སྤྱོད་སྡེ་ཚན་ནང་ ཡུ་ཨེས་ཌི་ས་ཡ་༨༣ བཙུགས་ནིའི་འཆར་གཞི་ཡོདཔ་ད་ ད་ལྟོ་འབད་བ་ཅིན་ ཚོད་རྩིས་ཐོག་ལུ་ ཡུ་ཨེས་ཌི་ས་ཡ་༡༦ འབད་མི་གུ་ལུ་ ཐེབས་ ཡུ་ཨེས་ཌི་ས་ཡ་༤༢ འཆར་གཞི་ནང་ ཚུད་དེ་ཡོད་ཟེར་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཡུ་ཨེས་ཌི་ས་ཡ་༢༥ དེ་ གཞི་བཙུགས་འབད་དེ་ཡོད་ཟེར་ ཀེན་ཤི་མི་ཛུ་གིས་ བཤདཔ་ཨིན་པས།
ལས་རིམ་དེ་ནང་ སོ་ནམ་ལས་ཁུངས་དང་ འབྲུག་བཟའ་སྤྱོད་སོ་ནམ་ལས་ཚོགས་ འཛམ་གླིང་བཟའ་སྤྱོད་ལས་རིམ་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ དེ་ལས་ གསོ་བ་ལྷན་ཁག་ཚུ་ གཙོ་རིམ་ཅན་གྱི་ཐོག་ལུ་ ལཱ་འབད་ནི་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement