༉ རྒྱ་གར་གྱི་ གཅིག་སྒྲིལ་གློག་མེ་ལས་སྡེ་ སྦོམ་ཤོས་ཅིག་ཨིན་མི་ ཊ་ཊ་གློག་མེ་ལས་སྡེ་གིས་ འབྲུག་ལུ་ གློག་ཤུགས་གཙང་མ་ མེ་ག་ཝཱཊ་༥,༠༠༠དེ་ཅིག་ ཐོན་སྐྱེད་འབད་ནིའི་དོན་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་གཅིག་ཁར་ མཉམ་འབྲེལ་འབད་ཡོདཔ་ཨིན་པས།
མཉམ་རོགས་འདི་གིས་ ལུང་ཕྱོགས་ཀྱི་ གློག་ཤུགས་ཉེན་སྲུང་རྩ་བརྟན་བཟོ་ནིའི་ དམིགས་ཡུལ་བསྐྱེད་མི་དང་བསྟུན་ འབྲུག་དང་ རྒྱ་གར་༢ ཆ་རང་ལུ་ སླར་འབྱུང་ནུས་ཤུགས་ཀྱི་ སོར་སྒྱུར་ནང་ རྒྱབ་སྐྱོར་འབད་ནི་ཨིན་པས།
མཉམ་རོགས་འབད་མི་དེ་ཡང་ སྤྱི་ལོ་༢༠༤༠གི་ནང་འཁོད་ལུ་ གློག་ཤུགས་ཐོན་སྐྱེད་བསྡོམས་ མེ་ག་ཝཱཊ་༢༥,༠༠༠ཐོན་སྐྱེད་འབད་ནིའི་ འབྲུག་གི་ འཆར་སྣང་དང་འཁྲིལ་ཏེ་ཨིན་པས།
འབྲུག་གིས་ ཉི་དྲོད་དང་ ཇིའོ་ཐར་མཱལ་གློག་ཤུགས་བརྩིས་ཏེ་ རང་ལུགས་ཆུར་བརྟེན་གློག་ཤུགས་ལས་ལྷགཔ་སྦེ་ གློག་ཤུགས་འགན་ཚད་སྣ་ཁག་བཟོ་སྟེ་ དམིགས་ཡུལ་འདི་ འགྲུབ་ནི་ཨིན་པའི་ཁར་ མཉམ་རོགས་ཐབས་བྱུས་ཚུ་གི་ཐོག་ལས་ གསར་བཏོད་ལས་འགུལ་གཞི་བཀོད་དང་ མ་དངུལ་ཚུ་ འཚོལ་ཞིབ་འབད་ནི་ཨིན་པས།
ཁ་ཙ་ ཐིམ་ཕུག་ལུ་སྦེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་དང་ ཊ་ཊ་གློག་མེ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་དང་ འཛིན་སྐྱོང་མདོ་ཆེན་ ཌོག་ཊར་ པར་བིར་ སིན་ཧ་གི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
ལས་རིམ་ནང་ འབྲུག་གི་བློན་ཆེན་ ཚེ་རིང་སྟོབས་རྒྱས་དང་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ཀྱི་ བློན་པོ་མགོནམ་ཚེ་རིང་ ཊ་ཊ་སཱོནསི་གི་ ཁྲི་འཛིན་ན་ཏ་ར་ཇཱན་ ཅཱན་ད་ར་སི་ཀ་རཱན་ འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་ སུ་ད་ཀར་ ད་ལི་ལ་ དེ་ལས་ རྒྱལ་ཁབ་༢ ཆ་རང་ལས་ ཆེ་རིམ་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
མཉམ་རུབ་འདི་གི་ཐོག་ལས་ སླར་འབྱུང་ནུས་ཤུགས་ལས་འགུལ་ཚུ་གིས་ གོ་རིམ་སྦེ་ གློག་ཤུགས་མེ་ག་ཝཱཊ་༥,༠༠༠དེ་ཅིག་ ཐོན་སྐྱེད་འབད་ནི་ཨིནམ་ད་ དེ་ཡང་ མེ་ག་ཝཱཊ་༡,༡༢༥ འབད་མི་ རྡོ་རྗེ་ལུང་གློག་མེ་ལས་འགུལ་ མེ་ག་ཝཱཊ་༧༤༠འབད་མི་ གོང་རི་ཆུ་མཛོད་ མེ་ག་ཝཱཊ་༡,༨༠༠འབད་མི་ ཇི་རི་ཆུ་འཐེན་མཛོད་ དེ་ལས་ མེ་ག་ཝཱཊ་༣༦༤ འབད་མི་ ལྕམ་མཁར་ཆུ་༤ པ་བཟུམ་གྱི་ ལས་འགུལ་ཚུ་བརྩིས་ཏེ་ཨིན་པས།
ཊ་ཊ་སླར་འབྱུང་ནུས་ཤུགས་ཚད་དེ་ ཊ་ཊ་གློག་མེ་གི་ ཡན་ལག་ཅིག་ཨིནམ་བཞིན་དུ་ འབྲུག་ལུ་ ཉི་དྲོད་གློག་ཤུགས་ལས་འགུལ་ཚུ་གི་ཐོག་ལས་ མེ་ག་ཝཱཊ་༥༠༠ཐོན་སྐྱེད་འབད་ནིའི་ནང་ འགོ་ཁྲིད་འབད་ནི་ཨིན་པས།
དེ་མ་ཚད་ ཊ་ཊ་གློག་མེ་གིས་ འབྲུག་ལས་ རྒྱ་གར་ལུ་ གློག་ཤུགས་གཙང་མ་ བསྐྱལ་ནིའི་དོན་ལུ་ དར་ལ་རྒྱུན་སྤེལ་གློག་ཐག་ ཀི་ལོ་མི་ཊར་༡,༢༠༠གི་དོན་ལུ་ རྒྱུན་ཐག་ལས་འགུལ་ཡང་ ལག་ལེན་འཐབ་ནི་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་གི་ མ་འོངས་ནུས་ཤུགས་དོན་ལུ་ མཉམ་བསྡོམས་འདི་གི་ གལ་གནད་ཚུ་ བཤད་མིའི་ནང་ ད་ལྟོ་ འབྲུག་གིས་ མེ་ག་ཝཱཊ་༢,༤༤༤ རྐྱངམ་གཅིག་ ཐོན་སྐྱེད་འབད་མི་དེ་ ལྕོགས་གྲུབ་ཚད་གཞི་ལས་ བརྒྱ་ཆ་༧.༥ དེ་ཅིག་ཨིནམ་ད་ ཨིན་རུང་ མེ་ག་ཝཱཊ་༥,༠༠༠ཐོན་སྐྱེད་འབད་ནིའི་ ཆིངས་ཡིག་འདི་གིས་ མི་དབང་མཆོག་གི་ མེ་ག་ཝཱཊ་༢༠,༠༠༠ཐོན་འབད་ནིའི་ འཆར་སྣང་སྦོ་ལོགས་ཁར་ ལྷོད་ཚུགས་ནི་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ འཁོར་ལོ་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་འབད་ནི་དེ་ཡང་ གློག་འཕྲུལ་ཁང་དང་ ས་དོང་ནང་ གས་རྫས་འགོ་དང་པ་བཀལ་ཏེ་ འགོ་བཙུགས་ཡོདཔ་ཨིན་པས།
དེ་ལས་ འབྲུག་གི་ ནུས་ཤུགས་ལས་ཁུངས་དང་ འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱི་བར་ན་ མེ་ག་ཝཱཊ་༦༠༠འབད་མི་ འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ ཕབ་ཆག་གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
མེ་ག་ཝཱཊ་༣༢ འབད་མི་ ཡུང་གི་ཆུ་གློག་མེ་འཕྲུལ་ཁང་ལས་ གློག་ཤུགས་བཙོང་ནིའི་དོན་ལུ་ ཊ་ཊ་གློག་ཤུགས་ཚོང་འབྲེལ་ལས་སྡེ་དང་ འབྲུག་སྔོ་ལྗང་གློག་མེ་ལས་འཛིན་གྱི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།