༉ འབྲུག་འདི་ སྤྲོ་གསེང་གི་དོན་་ལས་ ཉ་བཟུང་སའི་ ས་གོ་བདེ་ཏོག་ཏོ་ཅིག་ལུ་ གྱུར་ཡོདཔ་ད་ སྤྱི་ལོ་༢༠༢༣ དང་༢༠༢༤ གི་བར་ན་ འོང་འབབ་དངུལ་ཀྲམ་ས་ཡ་༣.༢༣༦ བཟོ་ཡོདཔ་བཞིན་དུ་ ཉ་བཟུང་མི་༦,༤༥༩ གི་གྲས་ལས་༦,༣༦༣ ལྟ་བཤལཔ་ཚུ་ཨིན་པས།
སྤྲོ་གསེང་གི་དོན་ལས་ ཉ་བཟུང་ནི་དེ་ ནགས་ཚལ་དང་རང་བཞིན་ཉམས་སྲུང་སྒྲིག་གཞི་དང་བཅའ་ཡིག་༢༠༡༧ ཅན་མ་ འཕྲི་སྣོན་འབད་ཐོག་ལས་ སྤྱི་ལོ་༢༠༢༢ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
དེ་ཡང་ ལྟ་བཤལ་ལས་སྡེ་ གོང་འཕེལ་གཏང་ཐབས་ལུ་ཨིནམ་ད་ སྤྲོ་བ་གི་ཐོག་ལས་ ཉ་བཟུང་མི་ཚུ་ལུ་ ངོས་འཛིན་ཅན་གྱི་ ས་གོ་ཚུ་ནང་ ཉ་གི་རིགས་ མ་ཤིར་དང་ ཊའོ་ཚུ་ བཟུང་ཆོགཔ་བཟོ་ཡོདཔ་ཨིན་པས།
སྤྲོ་གསེང་ཐོག་ལས་ ཉ་བཟུང་མི་དེ་ ཕ་ལ་ཡིང་ཕིསི་དང་ ཉ་དང་རྩེདམོ་རྩེད་ནི་ལ་སོགས་པ་ཚུ་ལུ་ སླབ་དོ་ཡོདཔ་བཞིན་དུ་ དེ་ཡང་ གཙོ་བོ་ར་ རྩེདམོ་དང་ ཡང་ཅིན་ དགའ་སྤྲོའི་ཐོག་ལས་ ཉ་བཟུང་དོ་ཡོདཔ་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ ལས་རིམ་དེ་ཡང་ ཆོག་ཐམ་མམ་ གནང་བ་ལེན་ཐོག་ལས་ ཉ་བཟུང་གོང་འཕེལ་གཏང་ཐབས་ལུ་ཨིན་པས།
ཉོ་བཟུང་ནི་གི་ གོ་སྐབས་འཐོབ་ཚུགསཔ་སྦེ་ བཟོ་ཐབས་དོན་ལུ་ ཉ་བཟུང་མི་ འབྲུག་མི་ཚུ་ལུ་ འཐུས་མར་ཕབ་འབད་ཡོདཔ་ད་ ཉ་བཟུང་ནི་གི་ ཆོག་ཐམ་ཡང་ ནགས་ཚལ་ཞབས་ཏོག་ ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་ནི་ཨིན་པས།
ལྷན་ཁག་གི་ གནས་སྡུད་འགོ་དཔོན་ ཚེ་རིང་བསོད་ནམས་དབང་མོ་གིས་ སླབ་མིའི་ནང་ འབྲུག་ལུ་ གཙང་ཆུའི་ལམ་ལུགས་དང་ ཉམས་སྲུང་འབད་དགོཔ་ ལེ་ཤ་ཡོདཔ་ལས་ སྤྲོ་གསེང་ཐོག་ལས་ ཉ་བཟུང་མི་ ལམ་ལུགས་ཀྱིས་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ཐོན་སྐྱེད་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ལས་རིམ་དེ་གིས་ ལྟ་བཤལ་ལུ་ སྤྲོ་བ་བསྐྱེད་ནི་གིས་ མ་དོ་བར་ ཐོན་སྐྱེད་ཚུ་ ཉམས་སྲུང་འབད་དེ་ རྒྱལ་ཡོངས་ཀྱི་ འོང་འབབ་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
ཉ་བཟུང་ནི་གི་ ལས་རིམ་ཚུ་ཡང་ སྤྱིར་བཏང་ ཉ་བཟུང་ནི་དང་ ས་གོ་ངོ་འཛིན་དང་ དུས་ཡུན་དང་འཁྲིལ་ཏེ་ ཁྱད་པར་བཟོ་སྟེ་ ཡོདཔ་ཨིན་པས།
ལྷན་ཁག་གི་ གནས་སྡུད་དང་འཁྲིལ་བ་ཅིན་ མི་ངོམ་༦,༠༡༢ ཀྱིས་ སྤྱིར་བཏང་ཉ་བཟུང་ནི་ལུ་ གདམ་ཁ་རྐྱབ་ཡོདཔ་ད་ མི་ངོམ་༤༤༧ གྱིས་ སྤྲོ་གསེང་ཐོག་ལས་ ཉ་བཟུང་ནི་ལུ་ སྤྲོ་བ་བསྐྱེད་མིའི་གྲས་ལས་༢༩༡ འབྲུག་མི་ཚུ་ཨིན་པས།
གཞལམ་སྒང་གི་ ནགས་ཚལ་སྡེ་ཚན་ཡིག་ཚང་ཡོད་མི་ ཟར་ཀ་པ་ལ་ལུ་ མི་སྡེའི་སྒར་རྐྱབ་སྟེ་ཡོདཔ་ད་ མ་འོངས་པ་ལུ་ ཉ་བཟུང་ནི་ལུ་ འོས་འབབ་པའི་ ས་ཁོངས་ཚུ་ཡང་ ངོས་འཛིན་འབད་དེ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢ ལུ་ ཡུ་ཨེསི་ཨེ་ལས་ མཁས་མཆོག་ཚུ་གིས་ རང་དབང་ཅན་གྱི་རྒྱལ་ཡོངས་ཉ་བཟུང་མི་༦ དང་ གྲུ་གཏང་ལམ་སྟོན་པ་ཚུ་ལུ་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ གོ་རིམ་༢ ཐོག་ལས་ ནང་འཁོད་ལམ་སྟོན་༣༠ ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ ཉ་བཟུང་ནི་ལམ་སྟོན་ རྩ་གཞུང་ཅིག་ཡང་ བཟོ་ཡོདཔ་ད་ ད་ལས་ཕར་ ཨོ་རྒྱན་དབང་ཕྱུག་ནགས་ཚལ་ཞིབ་འཚོལ་དང་སྦྱོང་བརྡར་གཙུག་སྡེ་གིས་ ཉ་བཟུང་ནིའི་ ལམ་སྟོན་སྦྱོང་བརྡར་ཚུ་བྱིན་འོང་ཟེར་ ཚེ་རིང་བསོད་ནམས་དབང་མོ་གིས་ བཤདཔ་ཨིན་པས།
གསེར་ཉ་དང་ ཅོ་ཀོ་ལེཊ་ མ་ཤིར་ ཨིསི་ནོ་ཊའུ་ དེ་ལས་ བ་ར་འུན་བརྩིས་ཏེ་ ཉ་རིགས་༤ རྐྱངམ་གཅིག་ སྤྲོ་གསེང་དོན་ལུ་ བཟུང་ཆོག་ནི་ཨིན་པས།
ནགས་ཚལ་དང་རང་བཞིན་ཉམས་སྲུང་འཕྲི་སྣོན་བཅའ་ཡིག་དང་སྒྲིག་གཞི་༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ གཙང་ཆུ་ག་ར་ མ་ཤིར་དང་ ཡང་ཅིན་ ཊའུ་ཆུ་ཟེར་ དབྱེ་ཁག་བཟོ་སྟེ་ ཉ་བཟུང་ནི་གི་ ས་ཁོངས་ཚུ་ ངོས་འཛིན་འབད་དེ་ཡོདཔ་ལས་ སྤྲོ་གསེང་ཐོག་ལས་དང་ སྤྱིར་བཏང་ཉ་བཟུང་མི་ཆོག་ནི་ཨིན་པས།
སྤྲོ་གསེང་ཐོག་ལས་ ཉ་བཟུང་ནིའི་ལམ་ལུགས་དེ་ མ་ནསི་ མར་ཤི་ཆུ་དང་ མང་སྡེ་ཆུ་ གྲངས་མེད་ཆུ་ སྤུ་ན་གཙང་ཆུ་ ཝང་ཆུ་ལུང་ཕྱོགས་ དེ་ལས་ མའོ་ཆུ་དང་ ནེ་ར་ཨ་མ་ཆུ་ ཨ་མོ་ཆུ་སྦེ་ ལུང་ཕྱོགས་༣ བཟོ་སྟེ་ཡོདཔ་ཨིན་པས།
ནེ་ར་ཨ་མ་ཆུ་སྟོད་དང་ མཁོ་ལོང་ཆུ་ སྟང་ཆུང་ དུར་ཆུ་ ཆུ་སྨད་ཆུ་ ནེ་ཀ་ཆུ་ ཕོ་ཆུ་ མའོ་ཆུ་སྟོད་ ཕོབ་སྦྱིས་ཁ་ སྒོ་སྒོ་ན་ དེ་ལས་ ཧཱ་ཆུ་ཚུ་ སྤྲོ་གསེང་ཐོག་ལས་ ཉ་བཟུང་ཆོག་ནི་ཨིན་པས།
སྤྱི་ཟླ་༡༢ པ་དང་༡༡ པའི་ནང་ ཉ་ཚུ་གིས་ སྒོང་རྡོག་འབུད་ནི་ དུས་ཚོད་དང་ མ་ཤིར་གྱིས་ སྤྱི་ཟླ་༦ དང་༧ པའི་ནང་ སྒོང་རྡོག་འབུད་དོ་ཡོདཔ་ལས་ དུས་ཚོད་དེ་ཚུ་ནང་ ཉ་བཟུང་ནི་བཀག་ཆ་འབད་དེ་ ཡོདཔ་ཨིན་པས།
དུས་བཟང་དང་ ལྷ་ཁང་དགོན་སྡེ་ རྫོང་ལས་ མི་ཊར་༥༠༠ གི་ ས་གནས་ཁར་ དེ་ལས་ གནས་ཡོད་ས་དང་ ཡང་ཅིན་ མཚོ་དང་ ཁྲོམ་སྡེ་ མི་མང་གཞི་རྟེན་ཡོད་ས་ཚུ་ནང་ལས་ ཉ་བཟུང་མི་ཆོག་ནི་ཨིན་པས།
སྤྲོ་གསེང་ཐོག་ལས་ ཉ་བཟུང་མི་ཚུ་ ལྟ་རྟོག་འབད་ནིའི་དོན་ལས་ ནགས་ཚལ་དང་རང་བཞིན་ཉམས་སྲུང་བཅའ་ཁྲིམས་དང་ ནགས་ཚལ་དང་རང་བཞིན་ཉམས་སྲུང་བཅའ་ཡིག་དང་སྒྲིག་གཞི་༢༠༢༣ ཅན་མ་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ལས་ཁུངས་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༩ ལུ་ ཁྲིམས་འགལ་ཐོག་ལས་ ཉ་བཟུང་མི་༥༠༤ དང་ སྤྱི་ལོ་༢༠༢༠ ལུ་ མི་ངོམ་༥༩༣ བདའ་ཟུན་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་འབད་བ་ཅིན་ མི་ངོམ་༢༣༤ ཁྲིམས་འགལ་ཐོག་ལས་ ཉ་བཟུང་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ཨིན་པས།
བཅའ་ཁྲིམས་ཀྱི་ དོན་ཚན་༣༡༠ དང་༣༡༥ དང་འཁྲིལ་བ་ཅིན་ གནང་བ་མེད་པར་ ཉ་བཟུང་པ་ཅིན་ བཅའ་ཁྲིམས་དང་འཁྲིལ་ཏེ་ ཉེས་བྱ་དང་ ཉེས་ཆད་ཚུ་ བཀལ་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement