བཀྲིས་ཕུན་ཚོགས།

༉ སྤྱི་ལོ་༢༠༢༤ ལོའི་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗེས་དྲན་གྱི་ རང་ལུགས་མདའ་གཞུ་ཐོག་གི་ མདའ་རྩེད་འགྲན་བསྡུར་ནང་ རིག་གསར་བཟོ་སྐྲུན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

རིག་གསར་བཟོ་སྐྲུན་སྡེ་ཚན་དང་ རིན་གཡང་ཕྱིར་ཚོང་སྡེ་ཚན་༢ ཀྱི་བར་ན་ ཉིནམ་༢ ཀྱི་རིང་ མཐའ་བཅད་འགྲན་བསྡུར་འབད་འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༤ ཟླ་༤ པའི་ཚེས་༤ ལུ་ མཐའ་བཅད་རྩེད་འགྲན་འབདཝ་ད་ སྡེ་ཚན་༢ ཆ་རང་གིས་ སྐུགས་རེ་ཆོད་མི་ལུ་བརྟེན་ སྐུགས་༢ པ་ཆོད་ཐབས་ལུ་ ཁ་ཙ་ འཕྲོ་མཐུད་དེ་ རྩེད་འགྲན་འབདཝ་ད་ རིག་གསར་བཟོ་སྐྲུན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

རིག་གསར་བཟོ་སྐྲུན་གྱིས་ སྐུགས་༢༥ ཐོབ་སྟེ་ སྐུགས་དང་པ་ཆོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༩ ལས་བརྒལ་ཐོབ་ཚུགས་རུང་ རིན་གཡང་ཕྱིར་ཚོང་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ ཕྱི་རུའི་ཆུ་ཚོད་༥ ལུ་ སྐུགས་༢༥ ཐོབ་སྟེ་ སྐུགས་ཆོདཔ་ད་ རིག་གསར་བཟོ་སྐྲུན་གྱིས་ སྐུགས་༢༢ ཐོབ་ཡོདཔ་ཨིན་པས།

དེ་འབདཝ་ལས་ འཕྲོ་མཐུད་དེ་ ཁ་ཙ་ རྩེད་འགྲན་འབདཝ་ད་ རིག་གསར་བཟོ་སྐྲུན་གྱིས་ ཉིན་མའི་ཆུ་ཚོད་༡༡ ལུ་ སྐུགས་༡༩ ཐོབ་པའི་སྐབས་ རིན་གཡང་ཕྱིར་ཚོང་གིས་ སྐུགས་ཕུད་རྡོག་༡ ཡང་ འཐོབ་མ་ཚུགས་རུང་ དོ་འགྲན་འབད་དེ་ སྐུགས་༡༠ ཐོབ་ད་ རིག་གསར་བཟོ་སྐྲུན་གྱིས་ སྐུགས་༢༥ ཐོབ་སྟེ་ སྐུགས་༢ པམ་དེ་ ཆོད་བཏང་ཡི།

དེ་འབདཝ་ལས་ རྒྱལ་ཁ་ཐོབ་མི་ རིག་གསར་བཟོ་སྐྲུན་སྡེ་ཚན་དང་ ཨང་༢ པ་ཐོབ་མི་ རིན་གཡང་ཕྱིར་ཚོང་སྡེ་ཚན་ཚུ་ རྒྱལ་ཁ་ཐོབ་པའི་རྟགས་མ་དང་ ལག་ཁྱེར་ཚུ་ བྱིན་པའི་ཁར་ བཀག་རེག་མཐོ་ཤོས་དང་ རྡོབ་འབྱེལ་མཐོ་ཤོས་ སྒོར་ཐིག་གུ་མཐོ་ཤོས་ ཉིནམ་༡ ནང་ བཀག་རེག་མཐོ་ཤོས་ མཐའ་བཅད་ནང་ བཀག་རེག་མཐོ་ཤོས་ དེ་ལས་ ཉིནམ་དང་པ་ལས་ མཐའ་བཅད་འོགམ་ཚུན་ བཀག་རེག་མཐོ་ཤོས་ཕོག་མི་ཚུ་ལུ་ གསོལ་རས་དང་ ལག་ཁྱེར་ཚུ་བྱིན་ཡི།

ལས་རིམ་འགོ་འདྲེན་འཐབ་མི་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ དྲག་ཤོས་ཨང་༢ པ་ཐོན་མི་སྡེ་ཚན་གྱི་ རྩེད་འགྲན་རེ་ལུ་ སྟོན་པའི་སྐུ་འདྲ་རེ་དང་ རྒྱལ་རྟགས་བྱིན་པའི་ཁར་ དྲག་ཤོས་ཨང་དང་པ་ཐོན་མི་ རྩེད་འགྲན་པ་རེ་ལུ་ གུ་རུའི་སྐུ་འདྲ་རེ་དང་ སྡེ་ཚན་ལུ་ དྲག་ཤོས་ཐོན་པའི་ རྒྱལ་རྟགས་བྱིན་ཡོདཔ་ཨིན་པས།

གསོལ་རས་གནང་ནིའི་དོན་ལུ་ སྐུ་མགྲོན་གཙོ་བོ་ བློན་པོ་བགྲེསཔ་དང་ རང་ལུགས་མདའ་རྩེད་ཚོགས་པའི་ཁྲི་འཛིན་བགྲེསཔ་ ཀུན་བཟང་རྡོ་རྗེ་གིས་ བྱིན་ཡོད་པའི་ཁར་ རང་ལུགས་མདའ་རྩེད་དེ་ རྒྱལ་ཡོངས་ཀྱི་རྩེདམོ་ཨིནམ་ལས་ མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་དགོ་པའི་ བསླབ་བྱ་དང་ བཅའ་མར་གཏོགས་མི་ག་ར་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཅི།

ལྷག་པར་དུ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ རྗེས་དྲན་ལུ་སྦེ་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་ཡོདཔ་ལས་ ག་ར་གིས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ཞུ་དགོཔ་ཚུ་ གལ་ཆེ་ཟེར་ དྲན་གསལ་འབད་ཡི།

དེ་བཟུམ་སྦེ་ སྤྱི་ལོ་༢༠༡༣ ལས་༢༠༡༩ ཚུན་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ མདའ་རྩེད་འགྲན་བསྡུར་འབདཝ་ད་ ལོ་༣ སྦྱེལཝ་སྦྱེལ་སར་ རྒྱལ་ཁ་ཐོབ་མི་ བུཌ་ཊཱནསི་ཨར་སྡེ་ཚན་གྱིས་ སྤྱི་ལོ་༢༠༡༧ དང་༢༠༡༨ དེ་ལས་ ༢༠༡༩ ཚུན་ རྒྱལ་ཁ་ཐོབ་ཡོད་པའི་ བཀྲིན་དགའ་ཚོར་དང་ ངལ་རངས་ལུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ ལག་ཁྱེར་དེ་ཡང་ བློན་པོ་བགྲེསཔ་གིས་གནང་ཡི།

ལོ་བསྟར་བཞིན་དུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ མི་དབང་ཞིང་གཤེགས་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྗེས་དྲན་རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ དུས་ཅི་གི་ རྩེད་འགྲན་ནང་ སྡེ་ཚན་༢༠ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

Advertisement